ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

སྨན་གླིང་རྫོང་སྨན་གླིང་གྲོང་རྡལ་བམ་གྲོང་གྲོང་ཚོའི་ཏང་རྩ་འཛུགས་ཀྱིས་གྲོང་མི་ཕྱུག་འགྱུར་ལམ་དུ་ཁྲིད་པའི་སྐོར་བཀོད་པ།

2019-12-05
“རྩེ་ལ་སྒང་རྫོང”མགྲོན་ཁང་གི་ཕྱིའི་བཀོད་པ།
        སྨན་གླིང་རྫོང་སྨན་གླིང་གྲོང་རྡལ་བམ་གྲོང་གྲོང་ཚོ་རྒྱལ་ལམ་219ཡི་ལམ་རྒྱུད་དུ་གནས་ཤིང་། ཉིང་ཁྲི་གནམ་ཐང་དང་ལམ་ཐག་སྨི་1000ཙམ་ལས་མེད། ཡར་ཀླུང་གཙང་པོའི་ཕ་རོལ་དུ་ཉིང་ཁྲི་གནམ་ཐང་ཡིན་པ་དང་། ཚུར་རོལ་དུ་བམ་གྲོང་གྲོང་ཚོ་རེད། གྲོང་ཚོའི་འཛུགས་སྐྲུན་གྱི་བཀོད་པ་ལེགས་ཤིང་ཁོར་ཡུག་གཙང་བ་དང་། མང་ཚོགས་ཀྱི་སྡོད་ཁང་རྒྱ་ཆེ་ལ་སྒོ་ར་ཡངས་བ། སྒོ་ར་ཚང་མར་སྟར་སྡོང་དང་ཁམ་སྡོང་སོགས་འབྲས་ཤིང་མང་པོ་བཏབ་ཡོད། གྲོང་ལྷན་གྱི་སྒོ་རར་འཛུལ་མ་ཐག་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་གཉིས་དེ་གར་སླེབས། རླངས་འཁོར་ནས་ཁ་བཏགས་གྱོན་པའི་ནང་སའི་ཡུལ་སྐོར་བ་ཉི་ཤུ་ཙམ་བབས་ཤིང་། གྲོང་ཚོའི་སྣེ་ཤན་པའི་སྣེ་ཁྲིད་འོག་གྲོང་ཚོའི་ཨར་འདམ་ལམ་བུ་བརྒྱུད་དེ་ཡུལ་དེ་གའི་དམངས་སྲོལ་མྱོང་རོལ་བྱེད་པར་སོང་།
        ངེད་ཚོ་བཅར་འདྲི་ཚོགས་ཆུང་གིས་དང་ཐོག་གྲོང་ལྷན་དུ་བམ་གྲོང་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་དང་པོར་བཅར་འདྲི་བྱས་པ་ཡིན། ཀྲི་པུའུ་ཧྲུའུ་ཅི་དང་པོས་ཉེ་བའི་ལོའི་ནང་། བམ་གྲོང་གྲོང་ཚོའི་ཏང་ཀྲི་པུའུ་ཡིས“ཀྲི་པུའུ་དང་ཏང་ཡོན་ཟུང་འབྲེལ”དང་། “ཏང་ཡོན་དང་མང་ཚོགས་ཟུང་འབྲེལ” “དམག་དམངས་ཟུང་འབྲེལ”བཅས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱས་པ་དང“གཉིས་ལྡན་དུད་སྦྲེལ་གྱིས་མཉམ་དུ་སྐྱོང་བའི”ཏང་འཛུགས་སྐྱོང་ལས་དོན་གྱི་བྱ་ཐབས་གསར་གཏོད་བྱས་ཏེ་ཏང་ཀྲི་པུའུ་ཡི་ལྟེ་བའི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཕྱུག་འགྱུར་འབྱོར་འབྲིང་ཕྱོགས་སུ་ཁྲིད་ཡོད་ཅེས་བརྗོད་བྱུང་། གཞན་ཡང་བམ་གྲོང་གྲོང་ཚོས“235”ཐོན་ལས་འཕེལ་རྒྱས་ཀྱི་སྤྱིའི་བསམ་བཀོད་ལ་དམ་པོར་དམིགས་ཏེ་ཉིང་ཁྲི་གནམ་ཐང་དང་། རྒྱལ་ལམ་219 སྐྲུན་བཞིན་པའི་ཁྲོན་བོད་ལྕགས་ལམ་བཅས་ཀྱི“ཕྱོགས་གསུམ་གཞི་གཅིག”གི་འགྲིམ་འགྲུལ་གྱི་ལེགས་ཆ་དང་། ཀྲུའུ་ཧེ་ཧྭ་ཧྥ་ཚོགས་པ་དང་སུའུ་ཀྲོའུ་ཐན་ཧོན་ཚོགས་པས་སྒོར་དུང་ཕྱུར་14.7བཏང་བའི་གནམ་ཐང་ཚོང་དོན་ཟོག་འགྲེམས་གླིང་། ཀྲུའུ་ཧའེ་མེ་ཀོང་ཡོན་ཚན་རྩལ་དང་ཧྲེན་ཀྲེན་ཏིང་ཤིས་ལུའུ་ཚོགས་པས་སྒོར་དུང་ཕྱུར་15བཏང་བའི་གཙང་དབུས་གླིང་ཕྲན་སྣོད་བཅུད་ཞིང་ལས་ཡུལ་སྐོར་རིག་གནས་ཚན་རྩལ་གླིང་བཅས་ལ་དམ་པོར་བརྟེན་ནས་བམ་གྲོང་གྲོང་ཚོའི་བརྟན་ལྷིང་དར་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ཡོད།
བསིལ་སྐམ་བཏང་བའི་ཀོ་ཤ
        གོ་སྐབས་གསར་པ་དམ་འཛིན་བྱས་ཏེ་འགྲན་སློང་གསར་པར་བསུས།
        2017ལོར་ཀོང་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཉིང་ཁྲིར་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་3.04མང་དུ་བཏང་ནས་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱས། བམ་གྲོང་གྲོང་ཚོ་ནི་ཀོང་ཏུང་ཞིང་ཆེན་གྱིས་རོགས་སྐྱོར་བྱས་ནས་སྐྲུན་པའི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་གྲས་ཤིག་ཡིན་པ་དང་རྣམ་གྲངས་དེའང་མི་རེར་ཆ་སྙོམས་སྒོར་ཁྲི་10ཡི་ཚད་གཞི་ལྟར་འཛུགས་སྐྲུན་བྱས་པ་ཞིག་རེད། དེ་ཙམ་ལ་བམ་གྲོང་གྲོང་ཚོའི་ཏང་རྩ་འཛུགས་ཀྱིས་གོ་སྐབས་གསར་པ་དམ་འཛིན་ཧུར་ཐག་བྱས་ཏེ་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་འགྲན་སློང་གསར་པ་བསུས།
        རྒྱལ་ལམ་219དང་ཉིང་ཁྲི་གནམ་ཐང་བར་ཐག་ཉེ་བའི་བམ་གྲོང་གྲོང་ཚོའི་གྲོང་མི་ཚོས་ས་ཁོངས་ཀྱི་ལེགས་ཆར་བརྟེན་ནས་ལྷ་ཉིང་རིམ་མཐོའི་གཞུང་ལམ་དང་ཉིང་ཁྲི་གནམ་ཐང་འཛུགས་སྐྲུན་གྱི་གོ་སྐབས་དང་བསྟུན་ནས། ཨར་ལས་འཛུགས་སྐྲུན་དང་སྐྱེལ་འདྲེན་ལས་ལ་ཞུགས་པས་ཡོང་འབབ་མང་པོ་བྱུང་ཡོད། དེ་སྔ་འཚོ་བ་དེ་ཙམ་ཡག་པོ་མེད་པའི་སྟོབས་རྒྱལ་དང་བདེ་སྐྱིད་ནི་དེའི་ཁྲོད་ནས་ཕན་པ་ཐོབ་མཁན་གྱི་གྲས་ཤིག་རེད། སྟོབས་རྒྱལ་དང་བདེ་སྐྱིད་བཟའ་ཚོས་ཁྱིམ་ཚང་གི་ཡོང་འབབ་མང་དུ་གཏོང་ཆེད། དེ་སྔ་གཏན་ནས་བྱེད་མྱོང་མེད་པའི་ལས་རིགས་ཤིག་གཉེར་འདོད་བྱེད་པ་ནི་གྲོང་མིའི་མགྲོན་ཁང་རྩེ་གྲ་ཞིག་གཉེར་རྒྱུ་དེ་རེད། སྟོབས་རྒྱལ་གྱིས“ངེད་ཚོའི་བམ་གྲོང་གྲོང་ཚོ་གནམ་ཐང་དང་ཧ་ཅང་ཉེ་ལ་འགྲིམ་འགྲུལ་ཡང་སྟབས་བདེ་པོ་ཡོད། དེས་མ་ཚད་ཉེ་བའི་ལོའི་ནང་ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་བས་ཡུལ་སྐོར་བ་ལོ་རེ་ལས་མ་འདས་པར་མང་དུ་འགྲོ་གི་འདུག དེ་ནི་ཁྲོམ་ར་ཆེན་པོ་ཞིག་མ་ཡིན་ནམ”ཞེས་བཤད་བྱུང་། བམ་གྲོང་གྲོང་ཚོར་ད་ཆ་གྲོང་མིའི་མགྲོན་ཁང་མང་པོ་ཡོད། འོན་ཀྱང་ཚང་མར་ཐུན་མོང་གི་གནད་དོན་ཞིག་ཡོད་པ་སྟེ། མགྲོན་ཁང་ཚང་མ་གྲོང་མིའི་སྡོད་ཁང་སྒྱུར་བཀོད་བྱས་ནས་བཟོས་པ་ཤ་སྟག་ཡིན་པས་ཚང་མའི་ཁྱད་ཆོས་གཅིག་པ་ཡིན་ལ། ནང་གི་སྒྲིག་ཆས་དག་ཡུལ་སྐོར་བའི་དགོས་མཁོར་བསྟུན་ཐུབ་ཀྱི་མེད། དེར་བརྟེན་བམ་གྲོང་གྲོང་ཚོར་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་མིའི་མགྲོན་ཁང་རྩེ་གྲ་ཞིག་བསྐྲུན་དགོས་པ་ནི་དེ་བས་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་དུ་གྱུར་ཡོད། ལས་ཡུན་ལོ་གཉིས་འགོར་བ་དང་མ་རྩ་སྒོར་ཁྲི་300བཏང་བའི“རྩེ་ལ་སྒང་རྫོང”མགྲོན་ཁང་2019ལོའི་ཟླ་བ་ལྔ་པར་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས། ཐོག་སོ་གསུམ་ལྡན་གྱི་མགྲོན་ཁང་དེ་སྒོ་ར་ཡངས་ཤིང་རྒྱ་ཆེ་ལ་གང་སར་འབྲས་བུའི་ཁུར་གྱིས་ལྗིད་པའི་འབྲས་ཤིང་གིས་ཁེངས་ནས་འདུག སྨི་ངོས་གྲུ་800ཡོད་པའི་མགྲོན་ཁང་གི་ཐོག་སོ་དང་པོ་དང་གཉིས་པ་ནི་ཉལ་ཁང་ཡིན་པ་དང་ཁྱོན་བསྡོམས་ཉལ་ཁང་8ཡོད། ཐོག་སོ་གསུམ་པ་ནི་ཕྱོགས་གསུམ་ཤེལ་ཁྲས་སྐོར་བའི་ལྗོངས་གཟིགས་ཟ་ཁང་ཡིན་ཞིང་། ཟ་ཁང་ནས་འཕུར་བབ་བྱེད་པའི་གནམ་གྲུ་ཡང་སེ་མཐོང་ཐུབ། ཨར་སྐྲུན་གྱི་་ཕྱིའི་བཟོ་དབྱིབས་ནི་བོད་བཟོའི་སྲོལ་རྒྱུན་སྡོད་ཁང་མིན་ནའང་། འགྲུལ་ཁང་ཚང་མ་བོད་བཟོ་དང་དེང་རབས་ཀྱི་ཁྱད་ཆོས་ཟུང་འབྲེལ་ལེགས་པར་བྱས་ཡོད་པས་ཁང་པའི་ནང་འཛུལ་བ་ཙམ་གྱིས་དེའི་ནང་མཚན་གཅིག་སྡོད་རྒྱུ་བྱུང་ན་ཅི་མ་རུང་སྙམ་པའི་ཚོར་སྣང་ཞིག་ངང་གིས་སྟེར་འོང་།
        ད་ལྟ་མགྲོན་ཁང་གཉེར་སྐྱོང་གི་ལས་ཀ་ཚང་མ་བདེ་སྐྱིད་ཀྱིས་བྱེད་ཀྱི་ཡོད། ཁོང་གིས་ཡུལ་དེ་ནས་གྲོང་མི་2ལས་མིར་གླས་པ་མ་ཟད། ད་དུང་རྒྱ་རིགས་མ་བྱན་ཞིག་གླས་ནས་ཆེད་མངགས་འགྲུལ་པར་ཟས་རིགས་སྣ་ཚོགས་མཁོ་འདོན་བྱེད་ཀྱི་ཡོད། སྟོབས་རྒྱལ་གྱི་བཟའ་ཟླ་བདེ་སྐྱིད་ཀྱིས“མགྲོན་ཁང་ཐོག་མར་སྐྲུན་སྐབས་དཔལ་འབྱོར་ལ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་བྱུང་། འོན་ཀྱང་གྲོང་ལྷན་གྱིས་རོགས་རམ་མང་པོ་གནང་བྱུང་། ངས་ཀྱང་མགྲོན་ཁང་ཇུས་བཀོད་བྱེད་སྟངས་ཐད་ས་ཕྱོགས་གང་སར་དཔེ་ལྟ་བར་ཕྱིན་པ་ཡིན། ཕྱིས་སུ་ཆེད་མངགས་ཇུས་བཀོད་པ་ཞིག་བཙལ་ནས་ད་ལྟའི་མགྲོན་ཁང་འདི་ཇུས་འགོད་བྱས་པ་ཡིན། མགྲོན་ཁང་ལ་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད། ངེད་གཉིས་ཀྱིས་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་མགྲོན་ཁང་གཉེར་བའི་བསམ་ཕྱོགས་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ད་ལྟ་མགྲོན་ཁང་གི་ཡོང་འབབ་བརྟན་པོ་འདུག འགྲུལ་པ་མང་བའི་སྐབས་སུ་ཉིན་གཅིག་ལ་ཡོང་འབབ་སྒོར་8000ཙམ་འདུག ད་ལྟ་འགྲུལ་པོ་མང་པོས་དྲ་ཐོག་ནས་མངགས་ཏེ་ང་ཚོའི་འགྲུལ་ཁང་དུ་ཆེད་མངགས་སྡོད་པར་ཡོང་གི་ཡོད”ཅེས་བཤད་བྱུང་།
        སང་ལོ་སྟོབས་རྒྱལ་དང་བདེ་སྐྱིད་ཀྱིས་གྲོང་མིའི་མགྲོན་ཁང་གི་གཞི་ཁྱོན་སྔར་བས་ཆེ་རུ་གཏོང་བ་དང་ཆབས་ཅིག་སྔོན་ཐོན་གྱི་གཉེར་སྐྱོང་བྱ་ཐབས་མང་ཙམ་སྦྱངས་ནས་རང་ཉིད་ཀྱི་ཡོང་འབབ་མང་དུ་གཏོང་ཞོར་དུ་ས་གནས་དེ་གའི་གྲོང་མི་དེ་བས་མང་ཙམ་ལས་ཞུགས་ཐུབ་པ་བྱ་རྩིས་འདུག
བོད་བཟོའི་ཁྱད་ཆོས་ལྡན་པའི་འགྲུལ་ཁང་གི་རྣམ་པ།
        ལམ་བུ་གསར་པ་འཚོལ་ཞིབ་བྱས་ནས་འབྱོར་འབྲིང་གི་ལེའུ་གསར་པ་བརྩམས།
        བམ་གྲོང་གྲོང་ཚོའི་ཏང་རྩ་འཛུགས་ཀྱིས་སྔོན་ཐོན་གྱི་ཉམས་མྱོང་དཔྱད་གཞིར་བཟུང་སྟེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། བརྒྱུད་རིམ་དེའི་ནང་མཉམ་སྡེབ་ས་ཞིང་མ་རྐང་ནང་ཞུགས་པ་དང་། ལས་གྲྭ་འཛུགས་སྐྲུན་ནང་ཞུགས་པ། ལས་གྲྭ་འགན་གཙང་ལེན་པ། གསོ་སྦྱོང་ལས་ཞུགས་བྱེད་པ་སོགས་ཀྱི་ཐབས་ལམ་སྤྱད་པས་གྲོང་ཚོ་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་མཉམ་འདྲེས་ཟབ་མོ་བྱུང་ཡོད། རྨང་གཞི་འདིའི་ཐོག་བམ་གྲོང་གྲོང་ཚོས་ཐོན་ལས་ལ་བརྟེན་ནས་ཕྱོགས་ཡོངས་དབུལ་སྒྲོལ་ཐུབ་པའི་གྲུབ་འབྲས་སྔར་བས་བརྟན་དུ་བཏང་སྟེ་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱས་པ་བརྒྱུད་བམ་གྲོང་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་མངོན་གསལ་དོད་པོས་ཆེ་རུ་སོང་བ་དང་། མང་ཚོགས་ཀྱིས་ཏང་རྩ་འཛུགས་ལ་ཡིད་ཆེས་བྱེད་ཤུགས་དེ་བས་ཆེ་རུ་སོང་བ། རྒྱ་ཆེའི་མང་ཚོགས་ཀྱི་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ་བཅས་ཀྱི་བསམ་བློ་དེ་བས་བརྟན་དུ་སོང་ཡོད། ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་འོག 2018ལོར་བམ་གྲོང་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་35000ལྷག་ཙམ་ཟིན་པ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ཀྱང་2017ལོའི་སྒོར་ཁྲི་60ནས་འདི་ལོའི་ཁྲི་300ལྷག་ཙམ་བར་འཕར་ཡོད།
        བམ་གྲོང་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་དང་པོས་གསར་གཏོད་ནི་ཏང་འཛུགས་སྐྱོང་ལས་དོན་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཤིག་རེད། བམ་གྲོང་གྲོང་ཚོའི་ཏང་རྩ་འཛུགས་ཀྱིས་འབྱོར་འབྲིང་གྲོང་ཚོ་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་དགོས་མཁོའི་མདུན་དུ་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་འཚོལ་ཞིབ་བྱེད་པ་དང་། ཁ་གཏད་བོད་སྐྱོར་གྱི་མཛའ་མཐུན་ཤང་གྲོང་དང་ཆ་སྒྲིག་བྱེད་པ། གྲོང་ཚོའི་ལས་བྱེད་པ་དང་། ཏང་ཡོན། ཞིང་འབྲོག་མང་ཚོགས་སོགས་འཕེལ་རྒྱས་ཆེ་བའི་ས་ཁུལ་དུ་སློབ་སྦྱོང་རྟོག་ཞིབ་ལ་གཏོང་བ། གྲོང་ཚོའི་ཕྱུག་འགྱུར་འཇོན་ཐང་ཅན་ལ་རོགས་སྐྱོར་བྱེད་པ་སོགས་གང་ཅིར་འཕེལ་རྒྱས་ནི་གཙོ་བོ་ཡིན་པའི་བསམ་ཕྱོགས་མཐའ་འཁྱོངས་བྱེདཀྱི་ཡོད་ཅེས་བརྗོད་བྱུང་། རྒྱལ་ལམ་219ནས་ཉིང་ཁྲི་གནམ་ཐང་དུ་སྐྱོད་པའི་ལམ་མདོར། བམ་གྲོང་མོག་རོ་ནག་པོ་འདེབས་འཛུགས་རྟེན་གཞིར་པ་སངས་བསིལ་སྐམ་གཏོང་བཞིན་པའི་མོག་རོ་ནག་པོ་དང་ཀོ་ཤའི་སྤུས་ཀར་ལྟ་བཞིན་འདུག བམ་གྲོང་གྲོང་ཚོའི་ཚན་རྩལ་ཕྱུག་འགྱུར་སྣེ་ཁྲིད་པ་པ་སངས་ཀྲུང་གོའི་བྱང་ཤར་ས་ཁུལ་གྱི་མོག་རོ་ནག་པོ་ཐོན་ཁུལ་དུ་རྟོག་ཞིབ་དང་སློབ་སྦྱོང་ལ་ཐེངས་མང་བསྐྱོད་མྱོང་། 2012ལོའི་ལོ་མཇུག་ཏུ་ཁོང་གིས་མ་རྩ་སྒོར་ཁྲི་42བཏང་ནས་མོག་རོ་ནག་པོའི་ཐོན་སྐྱེད་རྟེན་གཞི་དེ་བཙུགས་པ་རེད། ཁོང་གིས་གཙོ་བོ་མོག་རོ་ནག་པོ་དང་ཀོ་ཤ་སོགས་བཟའ་སྤྱོད་ཤ་མོའི་སོན་སྐྱེད་སྲིང་དང་། འདེབས་འཛུགས། བསྡུ་ཉོ། ལས་སྣོན། ཕྱིར་འཚོང་སོགས་བྱེད་ཀྱི་ཡོད། 2017ལོར་རྟེན་གཞི་དེས་རིམ་པ་གསུམ་པའི་མོག་རོ་ནག་པོ་ཐུམ་ཁྲི་15སྐྱེད་སྲིང་བྱས་པར་ཁེ་གཙང་སྒོར་ཁྲི་20ལྷག་ཙམ་བྱུང་བ་རེད། པ་སངས་ཀྱིས“མོག་རོ་ནག་པོ་འདེབས་འཛུགས་རྟེན་གཞི་མ་བཙུགས་གོང་། ངས་རང་ཁྱིམ་གྱི་ཞིང་ཁའི་ནང་སྡོང་ཕུང་ཚོད་འདེབས་བྱས་པ་ཡིན། སྡོང་ཕུང་འདེབས་འཛུགས་བྱས་ནས་ལམ་ལྷོངས་བྱུང་རྗེས། ཤང་སྲིད་གཞུང་ལ་མོག་རོ་ནག་པོ་འདེབས་འཛུགས་རྟེན་གཞི་འཛུགས་རྒྱུའི་རེ་བ་འདོན་སྐབས་ཤང་སྲིད་གཞུང་ནས་མ་དངུལ་གྱི་རྒྱབ་སྐྱོར་ཙམ་མ་ཟད། ད་དུང་ཀྲུང་གོའི་བྱང་ཤར་ས་ཁུལ་གྱི་མོག་རོ་ཐོན་ཁུལ་དུ་རྟོག་ཞིབ་དང་སློབ་སྦྱོང་ལ་ཐེངས་མང་བཏང་བྱུང་། ཕྱིས་སུ་ངས་རང་ཉིད་ཀྱི་ཞིང་ཁའི་མོག་རོ་ནག་པོ་འདེབས་འཛུགས་རྟེན་གཞི་འདི་བཙུགས་པ་ཡིན”ཞེས་བཤད་བྱུང་།
གསར་འགོད་པས་པ་སངས་ལ་བཅར་འདྲི་བྱེད་བཞིན་པ།
        ད་ལྟ་བམ་གྲོང་གི་མོག་རོ་ནག་པོའི་འདེབས་འཛུགས་རྟེན་གཞིས་གྲོང་ཚོ་དེ་ག་དང་ཉེ་འཁོར་གྱི་མི་20ལྷག་ཙམ་ལས་མིར་བསྡུས་ཏེ་ལོ་རེར་ལས་མིར་གླ་ཆ་སྒོར་ཁྲི་11ལྷག་ཙམ་སྤྲོད་ཀྱི་ཡོད། གཞན་ཡང་། རྟེན་གཞི་དེས་འཚོ་བའི་ཆ་རྐྱེན་ཅུང་ཞན་པའི་དུད་ཚང་གཉིས་ལ་རིན་པ་མི་དགོས་པར་མོག་རོ་ནག་པོ་འདེབས་འཛུགས་ཀྱི་ལག་རྩལ་བསླབས་རྗེས་ཁོང་ཚོས་བཏབ་པའི་མོག་རོ་ནག་པོ་རྒྱ་མ་རེར་སྒོར་70སྤྲད་དེ་ཉེ་འཁོར་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་ཀྱི་ཡོད། རྟེན་གཞི་དེས་ད་བར་མོག་རོ་ནག་པོ་འདེབས་འཛུགས་དུད་ཚང་ལ་ཡོང་འབབ་སྒོར་ཁྲི་60ལྷག་ཙམ་བཏོད་ཡོད། པ་སངས་ཀྱིས“ང་ཚོའི་རྟེན་གཞིར་མོག་རོ་ནག་པོ་འདེབས་པ་ཕུད། ད་དུང་ཀོ་ཤ་འདེབས་ཀྱི་ཡོད། ཕྱིས་སུ་ར་མོ་ཤ་ཆེན་འདེབས་འཛུགས་བྱས་ནས་རྟེན་གཞིའི་གཞི་ཁྱོན་དང་ཐོན་རྫས་སྣ་ཁ་མང་དུ་གཏོང་རྩིས་ཡོད། དེ་དང་བསྟུན་ནས་ཉེ་འཁོར་གྱི་གྲོང་མི་མང་པོ་ཞིག་རང་ཡུལ་དུ་ལས་ཞུགས་ཐུབ་པའི་འཆར་གཞི་ཡོད”ཅེས་སྤོབས་པ་ཆེན་པོས་བཤད་བྱུང་།
        ལས་མི་ཚོས་བམ་གྲོང་མོག་རོ་ནག་པོའི་འདེབས་འཛུགས་རྟེན་གཞིར་འདི་ལོ་བཏབ་པའི་མོག་རོ་ནག་པོ་དང་ཀོ་ཤ་བསིལ་སྐམ་གཏོང་བཞིན་འདུག རྟེན་གཞིས་ཉིང་ཁྲི་གྲོང་ཁྱེར་དུ་ཆེད་མངགས་ཕྱིར་འཚོང་ས་ཚིགས་བཙུགས་མེད་ཀྱང་ལོར་ཐོན་པའི་མོག་རོ་ཚང་མ་བྲིན་གྱི་ཡོད། པ་སངས་ཀྱིས“ང་ཚོའི་མོག་རོ་སྤུས་ཀ་ལེགས་ལ་རོ་བཅུད་འཛོམས་པས་ཉོ་མཁན་ཚང་མ་ནི་དེ་སྔའི་ཚོང་ཤག་གམ་ཡང་ན་ཁོང་ཚོས་ངོ་སྤྲོད་བྱས་པའི་མི་ཤ་སྟག་རེད”ཅེས་བཤད་བྱུང་། དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཚ་རླབས་དང་བསྟུན་ནས་སྨན་གླིང་རྫོང་བམ་གྲོང་གྲོང་ཚོའི་གློག་རྡུལ་ཞབས་ཞུའི་ས་ཚིགས་དེ་པ་སངས་ཀྱི་བམ་གྲོང་མོག་རོ་ནག་པོ་འདེབས་འཛུགས་རྟེན་གཞིར་བཙུགས་ཡོད། གསར་འགོད་པས་ཁོང་ལ་མ་འོངས་ཀྱི་འཆར་གཞིའི་སྐོར་གླེང་སྐབས། ཁོང་གིས“མོག་རོ་ནག་པོ་དང་ཀོ་ཤ་འདེབས་འཛུགས་བྱེད་པ་ཕུད། འདི་ལོ་ངས་ར་མོ་ཤ་ཆེན་གྱི་སོན་སྐྱེད་སྲིང་བྱེད་བཞིན་ཡོད། གལ་སྲིད་ར་མོ་ཤ་ཆེན་བདེ་བླག་ངང་སྐྱེད་སྲིང་ཐུབ་ཚེ། ཕྱིས་སུ་མུ་མཐུད་འདེབས་འཛུགས་བྱེད་རྩིས་ཡོད། གཞན་ཡང་། གྲོང་ཚོའི་གློག་རྡུལ་ཞབས་ཞུའི་ས་ཚིགས་བརྒྱུད་དེ་རྟེན་གཞིའི་ཐོན་རྫས་དེ་བས་མང་བ་རྒྱལ་ཁབ་ཀྱི་ས་ཕྱོགས་གང་སར་ཕྱིར་ཚོང་བྱ་རྩིས་ཡོད”ཅེས་དགའ་ཚོར་ཆེན་པོའི་ངང་བཤད་བྱུང་།
        ད་ཆ་བམ་གྲོང་གྲོང་ཚོས་གནམ་ཐང་ལ་དམིགས་ཏེ་ཞབས་ཞུ་རྣམ་པའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་དེང་རབས་ཅན་གྱི་ཞིང་ལས་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ནང་ཞུགས་ཏེ་དམངས་སྲོལ་ཡུལ་སྐོར་མགྲོན་ཁང་དང་། དམངས་སྲོལ་རིག་གནས་མྱོང་རོལ་ཁང་། བོད་ཁྱིམ་སྤྲོ་ཁང་། ཡུལ་ཟོག་ཕྱིར་འཚོང་བཅས་གཞི་གཅིག་ཏུ་བསྡུས་པའི་སྤུས་ལེགས་ཀྱི་ཞབས་འདེགས་ལ་བརྟེན་ནས་གནམ་ཐང་གི་ཡུལ་སྐོར་བའི་ཡིད་དབང་འགུག་པ་དང་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གྲོང་མི་འབབ་འཕར་ཕྱུག་འགྱུར་ཡོང་བར་གཡས་སྐྱོར་གཡོན་འདེགས་ཧུར་ཐག་བྱེད་བཞིན་ཡོད། སྟོབས་རྒྱལ་དང་། བདེ་སྐྱིད། པ་སངས་སོགས་དང་འདྲ་བའི་ཕྱུག་འགྱུར་སྣེ་ཁྲིད་པས་མགྲིན་གཅིག་ཏུ་སྲ་ཞིང་བརྟན་པའི“དམག་འཐབ་མཁར་རྫོང”གིས་ཕྱུག་འགྱུར་ལམ་བུར་ལམ་སྟོན་མ་བྱས་ན། ང་ཚོའི་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་འདྲ་ཡོང་མི་སྲིད་པས། བཀའ་དྲིན་ཡིད་ལ་འཆང་བཞིན་མུ་མཐུད་འབད་འཐབ་ཀྱིས་ཕྱིས་སུ་རང་ཉིད་ཀྱི་བྱ་གཞག་སྟོབས་ཆེར་བཏང་ནས་གྲོང་ཚོའི་མི་དེ་བས་མང་བ་ཕྱུག་འགྱུར་ལམ་དུ་འདྲེན་གྱི་ཡིན་ཞེས་བཤད་བྱུང་།
རྩོམ་སྒྲིག་པ། རྡོ་རྗེ།
འབྲེལ་ཡོད་རྩོམ་ཡིག