ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

རྨ་ལྷོ་ཁུལ་གྱི་ཁྱད་ཐོན་ཐོན་ལས་ཚོང་འགུག་འོས་སྦྱོར་ཚོགས་འདུ་ཧྲེན་ཀྲེན་དུ་འཚོགས།

2019-12-11
               ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས10ཉིན། 2019ལོའི་རྨ་ལྷོ་ཁུལ་གྱི་ཁྱད་ཐོན་ཐོན་ལས་ཚོང་འགུག་འོས་སྦྱོར་ཚོགས་འདུ་ཧྲེན་ཀྲེན་གྲོང་ཁྱེར་རུ་འཚོགས། ཐེངས་འདིའི་ཁྱད་ཐོན་ཐོན་ལས་ཚོང་འགུག་འོས་སྦྱོར་ཚོགས་འདུ་ནི་ཀྲུང་གུང་རྨ་ལྷོ་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་བྱས་པ་རེད། འོས་སྦྱོར་ཚོགས་འདུའི་སྟེང་རྨ་ལྷོ་ཁུལ་གྱི་ཁྱད་ཐོན་ཐོན་ལས་དང་། ཁྱད་ཐོན་ཐོན་རྫས། རེབ་གོང་རིག་གནས་སྒྱུ་རྩལ་ཚོང་འགུག་འོས་སྦྱོར། ཁྱད་ཐོན་ཐོན་རྫས་འགྲེམ་སྟོན། དེ་མིན་ཁྱད་ཐོན་ཐོན་རྫས་ལྟ་སྐོར་དང་ངོ་འཕྲད་གྲོས་མོལ་སོགས་ཀྱི་བྱ་འགུལ་བཀོད་སྒྲིག་བྱས་ཡོད།
               ཀྲུང་གུང་རྨ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཝང་ཀྲེན་ཁྲང་གིས་ཤིས་ཚིག་ཕུལ་སྐབས། རྨ་ལྷོ་ཁུལ་ལ་མཐའ་ཡས་པའི་སྐྱེ་ལྡན་རྩྭ་ར་དང་། མཛེས་སྡུག་རྣམ་པར་བཀྲ་བའི་རེབ་གོང་སྒྱུ་རྩལ། ཐུན་མིན་གྱི་མི་རིགས་ཡུལ་སྲོལ་གོམས་གཤིས། དེ་མིན་ལྟ་ན་སྡུག་པའི་སྔོ་ལྗང་རི་ཀླུང་བཅས་ཡོད།  རྨ་ལྷོ་ཁུལ་གྱི་ཁྱད་ལྡན་ཐོན་ལས་ཀྱི་ཚོང་འགུག་འོས་སྦྱོར་ཚོགས་འདུ་ཧྲེན་ཀྲེན་དུ་འཚོགས་པ་འདི་བརྒྱུད་ནས། དེང་རབས་ཀྱི་གྲོང་ཁྱེར་ཆེན་པོ་དང་རྒྱལ་སྤྱིའི་གར་སྟེགས་ཆེན་པོར་བརྟེན་ནས་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཡོངས་དང་སྦྲེལ་མཐུད་བྱེད་པར་ཧུར་ཐག་བྱ་རྒྱུའི་རེ་བ་ཡོད། ཧྲེན་ཀྲེན་ཚོང་དོན་ལས་རིགས་ཀྱི་ཤེས་ལྡན་མི་སྣ་དེ་བས་མང་པོ་རྨ་ལྷོ་རུ་མ་འཇོག་ལས་གཏོད་དང་འཆར་གཞི་ཆེན་པོ་བཏོན་ནས་ལག་གདང་སྦྲེལ་ཏེ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
               ཧྲེན་ཀྲེན་གྲོང་ཁྱེར་དབུལ་སྐྱོར་རོགས་ལས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཏ་ཕིང་གིས་ཧྲེན་ཀྲེན་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་བྱས་ནས་གསུང་བཤད་གནང་། ཁོང་གིས་ཧྲེན་ཀྲེན་གྲོང་ཁྱེར་དང་རྨ་ལྷོ་ཁུལ་གཉིས་ཀྱི་ཐོན་ཁུངས་ལ་རང་རང་གི་ཁྱད་ཆོས་མི་འདྲ་བ་ཡོད་མོད། དེར་ཕན་ཚུན་གསབ་རེས་ཀྱི་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། ཧྲེན་ཀྲེན་གྲོང་ཁྱེར་དང་རྨ་ལྷོ་ཁུལ་གྱིས་དངུལ་རྩ་དང་། གྲོང་རྡལ་ཅན། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཐད་ལ་བརྗེ་རེས་མཉམ་ལས་ཀྱི་བྱ་འགུལ་ཐེངས་མང་སྤེལ་བ་དང་། ས་གནས་གཉིས་པོར་མཉམ་ལས་སྤེལ་རེས་བྱེད་ཚད་སྔར་ལས་མང་དུ་ཕྱིན་ཏེ། མཉམ་ལས་ཀྱི་ལས་སྟེགས་བསྐྲུན་ཤུགས་དང་མཉམ་ལས་ཀྱི་ཁྱབ་ཁོངས་སྔར་ལས་ཆེ་རུ་ཕྱིན་པ་དང་། གྲུབ་འབྲས་སྔར་ལས་འོད་སྟོང་འབར་བ་བཅས་བྱུང་ཡོད། ད་ཐེངས་ཀྱི2019ལོའི་རྨ་ལྷོ་ཁུལ་གྱི་ཁྱད་ལྡན་ཐོན་ལས་ཚོང་འགུག་འོས་སྦྱོར་འདུ་ཚོགས་ལས་ས་གནས་གཉིས་པོའི་ཁྱད་ལྡན་ཐོན་ལས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་ལས་སྟེགས་གལ་ཆེན་མཁོ་འདོན་བྱས་ཡོད། དེ་ལས་ས་ཁུལ་གཉིས་དང་ཧྲེན་ཀྲེན། དེ་མིན་ཧྲེན་ཀྲེན་མཐའ་འཁོར་ནས་ཁྲོམ་ར་གསར་འབྱེད་བྱེད་པའི་གོ་སྐབས་ཧ་ཅང་ཡག་པོ་ཞིག་སྐྲུན་ཡོད། ང་ཚོས་ས་གནས་གཉིས་པོའི་ཁེ་ལས་ཀྱིས་ལག་གདང་མཉམ་དུ་སྦྲེལ་ནས་ཐུན་མོང་ཐོག་ཁྲོམ་ར་གསར་གཏོད་དང་ཐུན་མོང་ཐོག་འཕེལ་རྒྱས་སྟོབས་ཆེར་གཏོང་རྒྱུའི་རེ་བ་ཡོད་ལ། ཁེ་ལས་མཁས་ཅན་ཚོས་ཁེ་ལས་དེ་བས་མང་པོ་མཚོ་སྔོན་དང་རྨ་ལྷོ་ཁུལ་དུ་མ་འཇོག་དང་རྟོག་ཞིབ་བྱེད་པར་བསྐྱོད་དེ་ཡུལ་སྐོར་དང་། དེང་རབས་ཟོག་འགྲེམས། གློག་རྡུལ་ཚོང་དོན། ཐོན་ཁུངས་གསར་སྤེལ་སོགས་ཁྱབ་ཁོངས་གཞན་དག་གི་མཉམ་ལས་ལ་རྣམ་པ་གསར་པ་གཏོད་པ་དང་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡང་ཡོད་ཅེས་གསུངས་པ་རེད།
               ཐེངས་འདིའི་རྨ་ལྷོ་ཁུལ་གྱི་ཁྱད་ཐོན་ཐོན་ལས་ཚོང་འགུག་འོས་སྦྱོར་ཚོགས་འདུ་ནི་ཉེ་བའི་ལོ་གཉིས་རིང་རྨ་ལྷོ་ཁུལ་གྱིས་ཐེན་ཅིན་གྲོང་ཁྱེར་དང་། ཧང་ཀྲོའུ་གྲོང་ཁྱེར། ཁྲིན་ཏུའུ་གྲོང་ཁྱེར་བཅས་ནས་བདེ་བླག་ངང་ཁྱད་ཐོན་ཐོན་རྫས་ཀྱི་ཚོང་འགུག་འོས་སྦྱོར་ཚོགས་འདུ་འཚོགས་པའི་ཚུན་དུ། རྨ་ལྷོ་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་ཞིང་ཆེན་གཞན་དུ་སོང་ནས་ཡང་བསྐྱར་སྤེལ་བའི་གཞི་རྒྱ་ཆེ་བའི་ཁྱད་ཐོན་ཐོན་རྫས་ཚོང་འགུག་གི་འོས་སྦྱོར་བྱ་འགུལ་ཐེངས་ཤིག་རེད། 
               རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འོས་སྦྱོར་ཚོགས་འདུའི་སྟེང་འགྲེམ་སྟོན་བྱས་པའི་ཐོན་རྫས་ལ་དབྱར་རྩྭ་དགུན་འབུ་དང་ཐང་ག  གུར་གུམ། རི་སེར་སེར་པོ། བོད་སྨན། བ་ལུ། ལུག་བལ་སོགས་ཁྱད་ལྡན་ལག་ཤེས་ཐོན་རྫས་དང་།  ཚགས་ཤ་སྐམ་པོ། ནས་ནག་དང་འབྲུ་ལྔའི་རི་མོ་བཅས་ཁྱད་ཐོན་ཐོན་རྫས50ལྷག་ཡོད། ཡུལ་དངོས་ནས་གན་རྒྱ་བཞག་པའི་ཁེ་ལས11གི་གན་རྒྱའི་མ་དངུལ་སྒོར་དུར་ཕྱུར13.91ལ་སླེབས་ཡོད། དེའི་ཁྲོད་མཉམ་ལས་གན་རྒྱ་བཞག་པའི་ཁེ་ལས8ཀྱི་གན་རྒྱའི་མ་དངུལ་སྒོར་དུང་ཕྱུར12.35ལ་སླེབས་པ་དང་། ཉོ་ཚོང་གྲོས་མཐུན་བཞག་པའི་ཁེ་ལས3གྱི་གན་རྒྱའི་མ་དངུལ་སྒོར་དུང་ཕྱུར1.56ལ་སླེབས་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག