ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཆབ་མདོ་ས་ངན་ཡུག་ཁུལ་གྱི་གནས་སྤོས་དབུལ་སྐྱོར་མང་ཚོགས་བརྒྱ་ཕྲག་ཁ་ཤས་རྒྱ་ཚ་རྫོང་རྒྱ་ཐང་བཀོད་སྒྲིག་ས་ཚུགས་སུ་སྤར།

2020-01-08 བཀྲ་ཤིས་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། དགུན་སྟོད་ཀྱི་ཉི་འོད་དྲོན་མོ་ཡར་ཀླུང་གཙང་པོའི་ངོགས་སུ་འཇམ་ཐིང་ངེར་འཕྲོས་ཡོད་ཅིང་། བོད་རང་སྐྱོང་ལྗོངས་ཆབ་མདོའི་ས་ངན་ཡུག་ཁུལ་གྱི་གྲོང་ཁྱེར་བརྒལ་བའི་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་སུ་མི་ཚོགས་ཀྱི་འགྲོ་འོང་རྒྱུན་ཆད་མེད་ལ། དགའ་སྤྲོའི་དགོད་སྒྲ་དང“བཀྲ་ཤིས་བདེ་ལེགས”ཀྱི་དགའ་འབོད་ཡང་ཡང་བྱེད་ཀྱི་ཡོད།
          དུས་ཡུན་ཉིན་བཞིའི་འགྲུལ་བཞུད་བརྒྱུད། ཟླ་1པོའི་ཚེས་1ཉིན་ཐག་རིང་ཆབ་མདོ་ནས་ཡོང་བའི་མང་ཚོགས་དང་རྡོག་ཁྲེས་བཅུག་པའི་རླངས་འཁོར་ཆེ་གྲས་དང་ལྗིད་ཐེག་རླངས་འཁོར་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གི་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་སུ་དལ་བུར་བསྐྱོད་པ་དེས་ཆབ་མདོ་གྲོང་ཁྱེར་ས་ངན་ཡུག་ཁུལ་གྱི་གྲོང་ཁྱེར་བརྒལ་ནས་གནས་སྤོས་དབུལ་སྐྱོར་ མང་ཚོགས་བདེ་བླག་ངང་སྡོད་ཁང་གསར་པར་སྤོས་ཤིང་སྤྱི་ལེ་ཆིག་སྟོང་ལྷག་ཙམ་བརྒལ་བའི་ཐག་རིང་གི་འགྲུལ་བཞུད་མཇུག་བསྡུས་པ་མཚོན་ཡོད། ས་གནས་དེ་གའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་གནས་སྤོས་མང་ཚོགས་ཚང་མར་བཀྲ་ཤིས་ཁ་བཏགས་ཕུལ་ནས་ཁོང་ཚོ་བདེ་བླག་ངང་གཞི་སྡོད་བྱས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། དུད་ཚང་32ཀྱི་མང་ཚོགས་240ཡིས་དེ་གར་བདེ་སྐྱིད་ཀྱི་འཚོ་བ་གསར་པ་ཞིག་གི་མགོ་རྩོམ་རྒྱུ་ཡིན་པ་རེད། 
པར་འདི་ནི་གནས་སྤོས་མང་ཚོགས་སྡོད་ཁང་གསར་པའི་ནང་སྤོས་པ། 
          བཀོད་སྒྲིག་ས་ཚིགས་ཀྱི་ཐོག་བརྩེགས་ཀླད་ཀྱི་དར་དམར་ནི་བསིལ་རླུང་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་ཅིང་། ཁང་པའི་འོག་གི་མི་རྣམས་ཕར་འགྲོ་ཚུར་འོང་བྱེད། བཀོད་སྒྲིག་ཁང་པའི་ནང་ཤིང་གི་ཉལ་ཁྲི་དང་བོད་ལུགས་ཀྱི་སྒམ། བོད་ལུགས་ཀྱི་སྒྲོག་ཙེ། བརྙན་འཕྲིན་སྒམ་སོགས་ཁྱིམ་ཆས་དང་ཁྱིམ་སྤྱོད་གློག་ཆས། འབྲུ་སྣུམ་དང་། འབྲས། གྲོ་ཞིབ་བཅས་ཚང་མ་འཛོམས་ཡོད་པ་རེད། 
འདི་ནི་གནས་སྤོས་དབུལ་སྐྱོར་མང་ཚོགས་ཀྱིས་ཡུལ་དངོས་སུ་རྒྱན་ལེན་བཞིན་པ་རེད། 
          ཟླ་1པོའི་ཚེས་2ཉིན་གྱི་ཞོགས་པར། གནས་སྤོའི་ཚོགས་ཆུང་32ཁྲོད་ཀྱི་དུད་ཚང་11གིས་རྒྱན་བླངས་ནས་ཁང་པ་གདམས་པ་དང་། ད་ཐེངས་ཀྱི་རྒྱན་ལེན་པ་ནི“ཚན་རིག་དང་མཐུན་པའི་སྒོ་ནས་ཁང་པ་བགོ་བ་དང་། ཁང་པ་འདྲ་མཉམ་ངང་བགོ་བ། ཁང་པ་དྲང་བདེན་ངང་བགོ་བ”བཅས་ཀྱི་རྩ་དོན་གཞིར་བཟུང་། གནས་སྤོས་མང་ཚོགས་ཀྱིས་ཡུལ་དངོས་སུ་ཨང་ཐོ་འགོད་པ་དང་། དེ་རྗེས་ཨང་རིམ་ལྟར་ཁང་པ་གསར་པའི་ཨང་རྟགས་བླངས་ནས་ཐོ་འགོད་བྱས་པས་བརྒྱུད་རིམ་ཧྲིལ་པོ་གོ་རིམ་ལྡན་པ་ཞིག་བྱུང་ཡོད།
          ཟླ་1པོའི་ཚེས་2ཉིན་གྱི་དགོང་མོར་གནས་སྤོས་མང་ཚོགས་རྣམས་སྡོད་ཁང་གསར་པའི་ནང་གཅིག་གྱུར་ངང་སྤོས་པ་དང་ཁང་པའི་ཕྱི་རོལ་དུ་ས་གནས་དེ་གའི་མི་སེར་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི། གཞི་རིམ་ལས་བྱེད་པ་བཅས་ལས་གྲུབ་པའི་དང་བླངས་པའི་ཚོགས་པས་མཉམ་དུ་དངོས་ཟོག་སྐྱེལ་བཞིན་ཡོད་པ་རེད། གསར་འགོད་པ་ཁང་པའི་ནང་སྤོས་ཟིན་པའི་བགྲེས་པོ་སྦྱིན་པའི་ཁྱིམ་དུ་སྐྱོད་སྐབས། ཁོང་གིས་དགའ་སྤྲོའི་ངང“ཏང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རི་ཁུག་དབུལ་པོ་ནས་འདི་གར་སྤོས་ཏེ་ཆུ་གློག་འཐུས་ཚང་པའི་ཁང་བརྩེགས་གསར་པའི་ནང་སྡོད་ཐུབ་རྒྱུ་ནི་བློ་ཡུལ་ལས་འདས་པ་ཞིག་རེད”ཅེས་ཟེར་ལ།  ཨ་རིན་ཚང་ལ་ཁང་པ་གསར་པ་བགོས་པ་དང་།  སྒོ་ཕྱེ་མ་ཐག་ཨ་རིན་གྱི་ལོ་ན7ལ་སླེབས་པའི་བུ་ཆེ་བ་དགའ་ཚོར་ཆེན་པོས་མྱོས་ཏེ་ཁང་པའི་ནང་ཅི་དགར་རྒྱུགས་བཞིན་འདུག ཁྱིམ་ཚང་གསར་པའི་ནང་གྲལ་དག་ཅིང་ཡངས་ཤིང་རྒྱ་ཆེ་ལ། གསང་སྤྱོད་ཁང་དང་ཐབ་ཚང་། མགྲོན་ཁང་སོགས་ཡོད་པས་ཁོང་ཚོའི་ནང་མི་ཚང་མ་བློ་ཡིད་ཚིམ་པོ་བྱུང་ཡོད་ཟེར། ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་དེའི་དགོང་མོར་ཁྱོན་དུད་ཚང་20ཡི་མི་125ཁང་པའི་ནང་སྤར་ཞིང་། དུད་ཚང་གཞན་པ12ནི་ཚེས་6ཉིན་ཁང་པའི་ནང་སྤོར་རྒྱུ་་ཡིན་པ་རེད། 
          “ཡུལ་ལུང་དེ་གའི་ས་ཆུས་ཡུལ་ཕྱོགས་དེ་གའི་མི་གསོ་མི་ཐུབ་པའི”ཆབ་མདོ་གྲོང་ཁྱེར་ས་ངན་ཡུག་ཁུལ་གྱི་ངོས་ནས་བརྗོད་ན། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱ་རྒྱུ་ནི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད། འགྲིམ་འགྲུལ་སྟབས་བདེ་མེད་པ་དང་ས་རྒྱུ་ཞན་པའི་ཕ་ཡུལ་དང་ཐག་རིང་དུ་གྱེས་སྐབས། ཡུལ་མི་ཚོའི་སེམས་སུ་གཅིག་ནས་འབྲལ་མི་ཕོད་པ་དང་གཉིས་ནས་ཡང་མ་འོངས་པར་རེ་བ་བྱེད་བཞིན་ཡོད་ལ། ད་དུང་རྒྱ་ཚ་རྫོང་དུ་འཚོ་བ་ཇི་ལྟར་སྐྱེལ་དགོས་སམ་ཞེས་པའི་སེམས་ཁྲལ་ཕྲན་བུ་ཡང་བྱེད་ཀྱི་ཡོད། དེར་བརྟེན་རྒྱ་ཚ་རྫོང་དབུལ་སྒྲོལ་བཀོད་འདོམས་པུའུ་ཡི་འབྲེལ་ཡོད་འགན་འཁུར་པས་ངོ་སྤྲོད་བྱས་པར་གཞིགས་ན། མང་ཚོགས་གནས་སྤོ་ཐུབ་པ་དང་གནས་ཐུབ་པ། བྱ་བ་སྒྲུབ་རྒྱུ་ཡོད་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱ་ཆེད། གནས་སྤོའི་མང་ཚོགས་ཀྱིས་དབྱར་རྩྭ་དགུན་འབུ་འཐུ་བ་ཕུད། རྒྱ་ཚ་རྫོང་གིས་གནས་སྤོས་མང་ཚོགས་ལ་ས་ཞིང་གསར་སྤེལ་དང་སིལ་སྡོང་འདེབས་འཛུགས་དང་ལས་གཉེར་བྱེད་པ་ཚུད་པའི་གནས་སྤོས་དབུལ་སྐྱོར་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་བྱས་ཡོད། དེའི་ནང་ས་ཞིང་གསར་སྤེལ་ལ་ཁྱོན་མུའུ་188ཡོད་པ་དང་ཤིང་འབྲས་ནགས་ཚལ་ལ་ཁྱོན་མུའུ་346ཡོད་ལ།དེའི་ནང་ཀུ་ཤུ་དང་། ལི་ཙི། ཁམ་བུ་སོགས་སྣ་ཁ་8ཚུད་ཡོད་པ་རེད། 
          གཞན་ཡང་རྒྱ་ཚ་རྫོང་གིས་ད་དུང་རྒྱ་ཐང་བཀོད་སྒྲིག་ས་ཚིགས་ཀྱི་གནས་སྐབས་བཅའ་སྡོད་ཚོགས་ཆུང་བཙུགས་ནས་དྲ་མིག་ཅན་གྱི་དོ་དམ་དང་ཞིབ་ཕྲ་ཅན་གྱི་ཞབས་ཞུ་བྱས་པ་བརྒྱུད་བགྲེས་སོང་དང་ཕྲུ་གུ་ཚོར་སྤྱི་ཚོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས། གྲོང་མི་ཚོ་དེ་བས་ལེགས་པའི་སྒོ་ནས་འཚོ་བ་གསར་པའི་ནང་ཞུགས་རྒྱུར་རོགས་རམ་བྱས་ཡོད།
འབྲེལ་ཡོད་རྩོམ་ཡིག