ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་ཀྱི་ས་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ཁྲིམས་འཛིན་བརྟག་དཔྱད་ཉིང་ལག་རུ་ཁག་གིས་“110དྲིལ་བསྒྲགས་ཉིན་མོའི”བྱེད་སྒོ་སྤེལ།

2020-01-10 པདྨ་ཚེ་རིང་གིས་བསྒྱུར།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་1པོའི་ཚེས་7ཉིན་གྱི་ཕྱི་དྲོར།  རྒྱལ་ཡོངས་ཀྱི་“110དྲིལ་བསྒྲགས་ཉིན་མོ་”ཐེངས་34པ་སླེབས་ལ་ཉེ་བའི་སྐབས་འདིར།   བོད་ལྗོངས་ཀྱི་ས་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ཁྲིམས་འཛིན་བརྟག་དཔྱད་ཉིང་ལག་རུ་ཁག་གིས་ལྷ་སར་“དམག་དམངས་ལག་གདང་སྦྲེལ་ནས་ཚོགས་ཆེན་གཉིས་ལ་བསུ་བ་བྱེད། ཞི་མཐུན་བདེ་འཇགས་ཡིན་པའི་མཐའ་མཚམས་ལེགས་པོ་མཉམ་དུ་གཏོད” ཅེས་པའི་བརྗོད་དོན་བྱས་ཏེ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། 
མི་དམངས་ཉེན་རྟོག་པ་ཚོས་མང་ཚོགས་ལ་《བོད་རང་སྐྱོང་ལྗོངས་མཐའ་མཚམས་དོ་དམ་སྲོལ་ཡིག》འགྲེམ་བཞིན་པ། 
        བྱེད་སྒོའི་ཁྲོད་བརྟག་དཔྱད་ཉིང་ལག་རུ་ཁག་གིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་དྲིལ་བསྒྲགས་་ས་ཚིགས་བཙུགས་ནས།   མི་དམངས་ཉེན་རྟོག་པས་མང་ཚོགས་ལ་གནས་སྤོས་ཡུལ་མིའི་ཉེན་རྟོག་པས་མཐའ་མཚམས་དོ་དམ་ཁྲོད་གྱི་འགན་འཁྲི་དང་། དེ་བཞིན་“རིགས་གསུམ་སྣ་དྲུག”གི་གྱོད་དོན་མྱུར་ཞིབ་ཐག་གཅོད་ཀྱི་དབང་ཚད་སོགས་མཚམས་སྦྱོར་གནང་ཞིང་།  ཡུལ་དངོས་ཀྱི་མང་ཚོགས་ལ་《བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་དོ་དམ་སྲོལ་ཡིག》དང་། 《ཁྲིམས་འཛིན་བརྟག་དཔྱད་ཉིང་ལག་རུ་ཁག་གི་འཛིན་ཡིག་ལས་སྒྲུབ་ཁང་གིས་མཐའ་མཚམས་ཀྱི་ལམ་ཡིག་ལེན་པའི་འགྲོ་ལུགས》སོགས་ཀྱི་དཔྱད་གཞིའི་ཡིག་ཆ་སྤྲད་པ་དང་། ལག་ཁྱེར་ཁ་པར་གྱི་APPམཐའ་སྣེ་བརྒྱུད་ནས་མང་ཚོགས་ལ་བོད་རང་སྐྱོང་ལྗོངས་ཀྱི་“ཚོགས་ཆེན་གཉིས”ཀྱི་གནས་ཚུལ་གསར་ཤོས་རྒྱུས་ལོན་བྱེད་རོགས་བྱས་པར་མ་ཟད། མང་ཚོགས་ཁག་ཅིག་གིས་མཐའ་མཚམས་ཀྱི་ལམ་ཡིག་སྒྲུབ་པའམ་ཡང་ན་མཐའ་མཚམས་དོ་དམ་ཁུལ་ནས་འགྲོ་འོང་བྱེད་སྐབས་བཏོན་པའི་འབྲེལ་ཡོད་དྲི་བ་ཁག་ལ་ཡང་ལན་བཏབ་པ་རེད། དེའི་རིང་དྲིལ་བསྒྲགས་དཔྱད་ཡིག་4000ལྷག་ཙམ་བཀྲམས་ཏེ་མང་ཚོགས་མི་ཐེངས་་300ལྷག་གིས་བློ་འདྲི་བྱས་པར་ལན་བཏབ་པ་རེད། 
མི་དམངས་ཉེན་རྟོག་པ་ཚོས་མང་ཚོགས་ལ་《བོད་རང་སྐྱོང་ལྗོངས་མཐའ་མཚམས་དོ་དམ་སྲོལ་ཡིག》སྒྲོག་འགྲེལ་བྱེད་བཞིན་པ། 
        དེ་དང་ཆབས་ཅིགམཐའ་མཚམས་རྒྱུད་ཀྱི་ཁྲིམས་འཛིན་བརྟག་དཔྱད་རུ་ཁག་སོ་སོས་ཀྱང་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཁྲོམ་གཞུང་གི་སྲང་ལམ་དང་། གྲོང་ཚོའི་སྡོད་དམངས་ཨུ་ལྷན་གཉིས། ཚོང་དུད་དང་འགྲུལ་རྒྱུན་བསྡུ་འགྲེམ་ལྟེ་གནས་སོགས་སུ་བསྐྱོད་དེ་བོད་རང་སྐྱོང་ལྗོངས་ཀྱི་“ཚོགས་ཆེན་གཉིས”ཀྱི་གནས་ཚུལ་སྒྲོག་འགྲེལ་བྱས་ཤིང་།  2020ལོ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་འགོ་ཚུགས་པའི་ལོ་ཞིག་ཡིན་པའི་འབྲེལ་ཡོད་གནས་ཚུལ་སྒྲོག་འགྲེལ་བྱས་པ་དང་། དྲིལ་བསྒྲགས་ཁྲིམས་འཛིན་བརྟག་དཔྱད་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་ནས། མཐའ་མཚམས་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་། མི་དམངས་ཀྱི་བདེ་སྡོད་ལས་བརྩོན་འགན་ལེན་བྱེད་པ་སོགས་ཀྱི་ཐད་དམིགས་བསལ་གྱི་ནུས་པ་བཏོན་པ་དེས་མཐའ་མཚམས་དོ་དམ་དང་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་དུས་རབས་གསར་པའི་གནས་སྤོས་ཡུལ་མིའི་ཉེན་རྟོག་པས་ནུས་པ་གལ་ཆེན་ཐོན་ཡོད། 
མི་དམངས་ཉེན་རྟོག་པ་ཚོས་མང་ཚོགས་ལ་《བོད་རང་སྐྱོང་ལྗོངས་མཐའ་མཚམས་དོ་དམ་སྲོལ་ཡིག་》སྒྲོག་འགྲེལ་བྱེད་བཞིན་པ། 
        མི་དམངས་ཉེན་རྟོག་པས་ཞིབ་ཚགས་དང་ཆེད་ལས་ཅན་གྱི་སྒྲོག་འགྲེལ་གནང་བར་བརྟེན་ནས།   མང་ཚོགས་ཀྱིས་ཁྲིམས་འཛིན་བརྟག་དཔྱད་ཀྱི་མི་དམངས་ཉེན་རྟོག་པས་གྱོད་གཞི་མྱུལ་ཞིབ་བྱེད་པའི་དབང་ཚད་སྔར་བས་གསལ་པོར་ཤེས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་མཐའ་མཚམས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་གལ་ཆེའི་རང་བཞིན་ཤེས་རྟོགས་བྱུང་ཡོད། མཐའ་མཚམས་ཀྱི་དམངས་ཚོགས་པ་སངས་ཚེ་རིང་གིས་མཐའ་མཚམས་ཀྱི་ཁྲིམས་འགལ་ཉེས་སྤྱོད་ལ་རྡུང་རྡེག་གཏོང་བའི་ནང་ཧུར་ཐག་ཞུགས་ནས་མཐའ་མཚམས་དང་འབྲེལ་བའི་གྱོད་གཞིའི་ཁུངས་སྣེ་ཡོད་ཚེ་མི་དམངས་ཉེན་རྟོག་པར་དུས་ཐོག་ཏུ་ཡར་ཞུ་བྱེད་རྒྱུ་ཡིན་ཞེས་བཤད། 
འབྲེལ་ཡོད་རྩོམ་ཡིག