ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

2020ལོའི་ནེ་པ་ལའི་ཡུལ་སྐོར་ལོའི་འོས་སྦྱོར་བྱེད་སྒོ་བོད་ལྗོངས་སུ་སྤེལ་འགོ་ཚུགས་པ།

2020-01-19 འབྲུག་རྒྱལ་མཁར་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་1ཚེས་15ཉིན་གྱི་སྔ་དྲོར། ཀྲུང་གོའི་བོད་ལྗོངས་ཀྱི་2020ལོའི་ནེ་པ་ལའི་ཡུལ་སྐོར་ལོའི་འོས་སྦྱོར་བྱེད་སྒོ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་སྤེལ་འགོ་ཚུགས་པ་རེད།
           ལྷ་སར་སྡོད་པའི་ནེ་པ་ལའི་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་གི་གཞུང་ཚབ་དོན་གཅོད་པ་ཀེ་པིན་ཏ•པ་ཧ་ཏུར•ཁར་ཅི་ཡིས་ཤིས་ཚིག་གསུང་སྐབས་བརྗོད་དོན།   ནེ་པ་ལ་དང་ཀྲུང་གོའི་དབར་འགྲོ་འོང་བྱས་ནས་ལོ་ངོ་སྟོང་ཕྲག་སོང་ཡོད། རྒྱལ་ཁབ་གཉིས་པོས་ལོ་རྒྱུས་དང་། རིག་གནས། དཔལ་འབྱོར། ས་བབ་བཅས་ཀྱི་འགྲོ་འོང་གི་རྒྱབ་ལྗོངས་འོག་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་བྱེད་པ་དང་འབྲེལ་བ་བརྟན་ལྷིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་ཕྱིན་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ནེ་པ་ལའི་བྱང་རྒྱུད་མཐའ་མཚམས་ས་ཁུལ་གྱི་མི་དམངས་ལ་དངོས་ཟོག་རོགས་སྐྱོར་བྱས་པ་དེ་ནི་བོད་རང་སྐྱོང་ལྗོངས་ཀྱིས་ནེ་པ་ལའི་མཐའ་མཚམས་མི་སེར་ལ་རོགས་སྐྱོར་བྱེད་པའི་གཏམ་བཟང་ཞིག་ཏུ་གྱུར་ཡོད། དེ་དང་ཆབས་ཅིག་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ལྷ་སར་སྡོད་པའི་ནེ་པ་ལའི་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་གི་སྡོད་ཁང་གསར་པ་བསྐྲུན་པར་ཕངས་སེམས་མེད་པར་རོགས་སྐྱོར་བྱས་པ་དེའང་ནེ་པ་ལ་དང་ཀྲུང་གོའི་མཛའ་གྲོགས་མཉམ་ལས་ཀྱི་དཔེ་མཚོན་ཞིག་རེད་ཅེས་གསུངས།
ལྷ་སར་སྡོད་པའི་ནེ་པ་ལའི་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་གི་གཞུང་ཚབ་དོན་གཅོད་པ་ཀེ་པིན་ཏ•པ་ཧ་ཏུར•ཁར་ཅི་ཡིས་ཤིས་ཚིག་གསུང་བཞིན་པ།
           ནེ་པ་ལར་ཕུན་སུམ་ཚོགས་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་གསར་སྤེལ་ཐད་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ཡུལ་སྐོར་ཐོན་ལས་ནི་ནེ་པ་ལའི་དཔལ་འབྱོར་གྱི་གཞི་རྟེན་ཐོན་ལས་ཀྱི་གྲས་ཤིག་ཡིན་པ་དང་། འོས་སྦྱོར་བྱེད་སྒོ་སྤེལ་ནས་ཡུལ་སྐོར་བ་སྔར་ལས་མང་པོ་ཞིག་ནེ་པ་ལར་ཕེབས་རྒྱུར་སྐུལ་མ་བཏང་སྟེ། ནེ་པ་ལའི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱ་རྒྱུ་རེད། 
           ཀེ་པིན་ཏ•པ་ཧ་ཏུར•ཁར་ཅི་ཡིས་ད་དུང་གསུང་དོན།  ཐོག་མར་ཀྲུང་གོའི་ཡུལ་སྐོར་བ་ནེ་པ་ལར་ཡུལ་སྐོར་དུ་ཡོང་བར་འགུག་ཆེད། 2016ལོ་ནས་བཟུང་ནེ་པ་ལ་སྲིད་གཞུང་གིས་ཀྲུང་གོར་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས་ཡོད་ཅེས་བརྗོད་པ་དང་།  ཀྲུང་གོ་ནས་འོས་སྦྱོར་བྱེད་སྒོ་སྤེལ་བ་དེས་མ་འོངས་པའི་ཀྲུང་གོའི་ཡུལ་སྐོར་བར་ཤུགས་རྐྱེན་གལ་ཆེན་ཐེབས་རྒྱུར་ཁོ་རང་ཡིད་ཆེས་ཟབ་མོ་ཡོད། “ད་དུང་ཀྲུང་གོ་སྲིད་གཞུང་གིས་ཀྲུང་གོའི་ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་གཉེར་སྐྱོང་རྩ་འཛུགས་ཀྱིས་ཚོགས་པ་དང་ཚོ་ཆུང་སྔར་ལས་མང་པོ་ཞིག་ནེ་པ་ལར་ཡུལ་སྐོར་དུ་བསྐྱོད་རྒྱུར་སྐུལ་མ་བྱེད་པའི་རེ་བ་ཡོད།”ཅེས་གསུངས།
           བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཀྱིས་གསུང་དོན། ཀྲུང་གོ་དང་ནེ་པ་ལའི་རི་ཆུ་འབྲེལ་བ་དང་ཕན་ཚུན་མཛའ་མཐུན་གྱི་འབྲེལ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནེ་པ་ལར་འཚམས་འདྲི་གནང་བའི་གྲུབ་འབྲས་ལག་བསྟར་དོན་འཁྱོལ་བྱ་ཆེད། 2019ལོའི་ཟླ་12པར་བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་ཆེ་དགྲ་ལྷས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ནེ་པ་ལར་འཚམས་འདྲི་གནང་ཞིང་། ཕྱོགས་གཉིས་པོས་དངོས་སྒྲུབ་མཉམ་ལས་བྱས་ནས་དཔལ་འབྱོར་དང་། འགྲིམ་འགྲུལ། ཡུལ་སྐོར། ཟོག་འདྲེན། མཐའ་མཚམས་ཚོང་དོན་སོགས་ཐུན་མོང་ཐོག་འཕེལ་རྒྱས་གཏོང་རྒྱུའི་ཐད་བསམ་འཆར་གཅིག་མཐུན་བྱུང་ཡོད། 
ལྷ་སར་སྡོད་པའི་ནེ་པ་ལའི་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་གི་གཞུང་ཚབ་དོན་གཅོད་པ་ཅི་མུའུ་ཤུན•ལ་མུའུ་ཏ་ལི•ལ་དབྱི་ཡིས་2020ལོའི་ནེ་པ་ལའི་ཡུལ་སྐོར་ལོའི་གནས་ཚུལ་ངོ་སྤྲོད་བྱེད་པ།
འགོ་ཚུགས་མཛད་སྒོའི་སྟེང་གི་ནེ་པ་ལའི་ཞབས་བྲོའི་འཁྲབ་སྟོན།
           འགོ་ཚུགས་མཛད་སྒོའི་སྟེང་། ལྷ་སར་སྡོད་པའི་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་གི་གཞུང་ཚབ་དོན་གཅོད་པ་ཅི་མུའུ་ཤུན•ལ་མུའུ་ཏ་ལི•ལ་དབྱི་ཡིས་ད་དུང་2020ལོའི་ནེ་པ་ལའི་ཡུལ་སྐོར་ལོའི་བྱེད་སྒོའི་རྒྱབ་ལྗོངས་དང་། ནེ་པ་ལའི་ཡུལ་སྐོར་གྱི་ཐུན་མོང་མ་ཡིན་པའི་འགུག་ཤུགས་དང་དེ་བཞིན་ཀྲུང་གོའི་ཡུལ་སྐོར་བ་ནེ་པ་ལར་ཡུལ་སྐོར་དུ་ཡོང་བའི་ཕྱོགས་སྟོན་ངོ་སྤྲོད་བྱས་པ་མ་ཟད། དྲིལ་སྒྲོག་བརྙན་རིས་ཀྱང་བསྟན་པ་རེད།
བོད་ལྗོངས་མཚོ་སྐྱིད་པད་མ་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ངག་དབང་རང་བྱོན་གྱིས་བརྗོད་དོན། 2019ལོར་ཁོང་གི་ཡུལ་སྐོར་ལས་དོན་ཁང་གིས་བོད་ལྗོངས་ཀྱི་འགག་སྒོ་ཁག་ནས་རྒྱལ་མཚམས་བརྒལ་ཏེ་ནེ་པ་ལར་ཡུལ་སྐོར་དུ་སྐྱོད་མཁན་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཁྲི་གཅིག་ལྷག་ཙམ་ལ་སྣེ་ལེན་བྱས་ཡོད་ཅེས་བཤད། སླེབས་ལ་ཉེ་བའི་2020ལོའི་ནེ་པ་ལའི་ཡུལ་སྐོར་ལོའི་བྱེད་སྒོ་ལ་མཚོན་ན།  ཁོང་གིས་དེ་ནི་གོ་སྐབས་ཧ་ཅང་ཡག་པོ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད།
འབྲེལ་ཡོད་རྩོམ་ཡིག