ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ད་ལོའི་ཟླ་10པར་ཀྲུང་གོའི་འགུལ་འཕྲིན་གྱི་5Gབརྡ་རྟགས་དེ་ལྷ་སའི་གྲོང་ཁུལ་གཙོ་བོར་ཁེབས་པར་བྱ་རྒྱུ་རེད།

2020-05-20 པདྨ་ཚེ་རིང་གིས་བསྒྱུར།
རི་མོ་ནི་ཀྲུང་གོའི་འགུལ་འཕྲིན་བོད་ལྗོངས་ཡན་ལག་ཀུང་སིས་མཁོ་འདོན་བྱས།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པས་ཀྲུང་གོའི་འགུལ་འཕྲིན་བོད་ལྗོངས་ཀུང་སི་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོར་ཀྲུང་གོའི་འགུལ་འཕྲིན་བོད་ལྗོངས་ཀུང་སིས་སྔོན་དཔག་བྱས་ན་5Gསྦྲེལ་ཚུགས་1400ལྷག་ཙམ་འཛུགས་སྐྲུན་བྱ་རྒྱུའི་འཆར་འགོད་བྱས་པ་དང་འབྲེལ་“སྔོན་ལ་གཙོ་གནད་གྲོང་ཁྱེར་དང་རྗེས་སུ་གྲོང་ཁྱེར་དཀྱུས་མ། སྔོན་ལ་གྲོང་ཁུལ་གཙོ་བོ་དང་རྗེས་སུ་གྲོང་ཁུལ་དཀྱུས་མ། སྔོན་ལ་ཁང་པའི་ཕྱི་དང་རྗེས་སུ་ཁང་པའི་ནང་”བཅས་ཀྱི་གོ་རིམ་ལྟར་གྲོང་ཁྱེར་དང་ས་གནས་ཁག་གི་ཏང་སྲིད་དམག་གསུམ་དང་། སྨན་བཅོས། མཐོ་རིམ་སློབ་གྲྭ་བཅས་དང་། དེ་བཞིན་འགྲིམ་འགྲུལ་ལྟེ་གནས། ཚོང་ལས་ཁུལ་ཆེན་པོ་སོགས་ཀྱི་ས་ཁོངས་རྣམས་དམིགས་སུ་བཀར་ནས་སྔོན་ལ་ཁེབས་པར་བྱ་རྒྱུ་རེད། སྔོན་དཔག་བྱས་ན་ད་ལོའི་ཟླ་10པའི་ཟླ་མཇུག་བར། ཀྲུང་གོའི་འགུལ་འཕྲིན་བོད་ལྗོངས་ཀུང་སིས་ལྷ་སའི་གྲོང་ཁུལ་གཙོ་བོར་5Gཁེབས་པར་ལེགས་འགྲུབ་ཡོང་བར་བྱ་བ་དང་། དེ་བྱིངས་གྲོང་ཁྱེར་དང་ས་གནས་ཀྱིས་ཏང་སྲིད་དམག་གསུམ་དང་། གཞུང་འབྲེལ་ལས་རིགས། གཙོ་གནད་ལས་ཁུངས་བཅས་ཀྱི་དགོས་མཁོ་ལ་གཞིགས་ནས་གོ་རིམ་ལྡན་པའི་ངང་ཁེབས་པར་བྱ་རྒྱུ་རེད། དུས་མཚུངས་སུ་འགུལ་ཚད་ཕྱིར་སྤྲོད་དང་ཚོང་ར་སྐུལ་འདེད་གཏོང་བ་སོགས་བྱས་ཏེ། བོད་ལྗོངས་ཀྱི་ཆ་འཕྲིན་འཕྲིན་གཏོང་འཕེལ་རྒྱས་ལ་རྒྱབ་སྐྱོར་ནུས་ལྡན་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་རམ་འདེགས་བྱ་རྒྱུ་རེད།
           5Gདྲ་རྒྱ་འཛུགས་སྐྲུན་གྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་5Gལས་རིགས་སྣ་ཚོགས་མཉམ་འདྲེས་ཐུབ་པ། མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུར་གཅིག་གྱུར་གྱིས་འཆར་འགོད་སྐུལ་འདེད་གཏོང་ཆེད། 《5Gདྲ་རྒྱ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར་》ཞེས་པའི་བླང་བྱ་ལྟར། ཀྲུང་གོའི་འགུལ་འཕྲིན་བོད་ལྗོངས་ཀུང་སིས་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་གྱི་འཐབ་ཇུས་རང་བཞིན་དང་། རྨང་གཞིའི་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་5Gདྲ་རྒྱའི་བཀོད་པ་ཟམ་མི་ཆད་པར་ཇེ་མགྱོགས་སུ་བཏང་བ་དང་། བོད་ལྗོངས་ཀྱི་གྲངས་འཛིན་གཞི་རྩའི་འཛུགས་སྐྲུན་གསར་པར་རོགས་རམ་བྱས་ནས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
           ཚན་རིག་དང་མཐུན་པའི་སྒོ་ནས་“དྲ་རྒྱའི་སྟོབས་ལྡན་བོད་ལྗོངས”དང་“གྲངས་འཛིན་ཅན་གྱི་བོད་ལྗོངས་”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། ཀྲུང་གོའི་འགུལ་འཕྲིན་བོད་ལྗོངས་ཀུང་སིས་བོད་ལྗོངས་ཀྱི་ཐོན་ལས་ཁྱད་ཆོས་དང་ཟུང་འབྲེལ་གང་ལེགས་བྱས་ཏེ་5Gབཀོད་སྒྲིག་བྱེད་ཚུལ་གྱི་ཚོད་ལྟའི་ལས་དོན་བཀོད་སྒྲིག་ཕྱོགས་ལ་འབད་པ་ཆེན་པོ་བྱས་ཤིང་། 5Gདྲ་རྒྱའི་སྒྲོམ་གཞི་དང་ཁེབས་པའི་འཆར་འགོད་གཏན་འབེབས་བྱས་ཏེ་གཙོ་གནད་ས་ཁོངས་དང་། འགྲིམ་འགྲུལ་ལྟེ་གནས་ས་ཁུལ། སྡེ་ཚོགས། སྲིད་གཞུང་། ཁེ་ལས་ལས་ཁུངས་བཅས་ཁྱོན་ཡོངས་ལ་ཁེབས་རྒྱུར་དམིགས་ནས་གཙོ་གནད་ས་ཁོངས་དང་མི་སྣ་འདུ་འཛོམས་ཆེ་བའི་ས་ཁོངས་སོགས་ཀྱི་རྣམ་པ་ཅུང་ལེགས་པའི་5Gཁེབས་པའི་ནུས་པར་འགན་ལེན་ཏན་ཏིག་བྱས། དེ་དང་ཆབས་ཅིག་རྨང་གཞིའི་ནུས་པ་དང་ཉེར་སྤྱོད་གསར་གཏོད་སོགས་ཀྱི་ལས་དོན་ཕྱོགས་ལ་ཤུགས་བསྣན་ནས་5Gཡི་སྤུས་ལེགས་ཟུང་རྟགས་མགྱོགས་མྱུར་སྒོས་གཏོད་རྒྱུ་རེད།
           5Gལས་རིགས་འཕེལ་རྒྱས་གཏོང་བའི་འཆར་གཞིའི་ནང་། ལས་རིགས་ཆེན་པོ་8ཀྱི་རྣམ་པ་30ལྷག་ལ་དམིགས་ནས་ཞིང་ཆེན་རིམ་པའི་“དཔེ་མཚོན་ཁང་པ་”8བསྐྲུན་པ་དང་འཐེན་ཁྲིད་ལས་རིགས་ལ་5Gཡིས་སིམ་འཛུལ་བྱས་ཡོད། དེ་ཡང་གཙོ་གནད་ལས་རིགས་ཀྱི་ཚོང་རར་དམ་པོར་དམིགས་ནས་ཐོག་མའི་ཚོང་མགྲོན་དམིགས་ཡུལ་དུ་འཛིན་པའི་དམག་འཐབ་སྡེ་ཚན་འཛུགས་པ་དང་། གཅིག་སྡུད་རིགས་ཀྱི་དཔེ་མཚོན་རྣམ་གྲངས་ལ་བློ་རྩེ་གཅིག་ཏུ་གཞོལ་ནས་5G+ཨན་ཁེ་རྣམ་གྲངས་+རིག་ལྡན་གྲོང་ཁྱེར་གཙོ་གནད་དུ་བཟུང་སྟེ། ཐོན་ཁུངས་ལ་མ་དངུལ་གཏོང་ཤུགས་སྔར་ལས་ལྷག་པར་ཆེ་རུ་བཏང་ནས་བོད་ལྗོངས་ཀྱི་གྲངས་འཛིན་གཞི་རྩའི་འཛུགས་སྐྲུན་གསར་པར་རམ་འདེགས་བྱེད་དགོས། དེ་དང་ཆབས་ཅིག་ད་དུང་ལས་རིགས་ཀྱི་གཙོ་ཁྲིད་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཤིང་། བོད་ལྗོངས་ཀྱི་VR/ARརིག་ལྡན་ཡུལ་སྐོར་དང་རིག་ལྡན་སྨན་བཅོས་སོགས་ལས་རིགས་ཀྱི་ཉེར་སྤྱོད་ཁོར་ཡུག་གཅིག་སྡུད་བྱས་ནས་5Gསྣོད་བཅུད་སྐྱེད་སྲིང་བྱས་ཏེ་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་5Gཉེར་སྤྱོད་གསར་གཏོད་དང་ལག་ལེན་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། འདི་དག་ལས་བོད་ལྗོངས་ཀྱི་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱ་བ་ལ་རམ་འདེགས་གང་ལེགས་བྱས་ནས་བརྟན་ལྷིང་དང་བདེ་འཇགས་འགན་ལེན་གྱི་ནུས་པ་ཆེ་རུ་གཏོང་ཐུབ་པ་རེད། 
འབྲེལ་ཡོད་རྩོམ་ཡིག