ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

སི་ཁྲོན་དཀར་མཛེས་རྫོང་གིས་བདེ་ཐང་དབུལ་སྐྱོར་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་པ།

2020-05-21 འབྲུག་རྒྱལ་མཁར་གྱིས་བསྒྱུར།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “ངའི་གཟུགས་པོ་ཐང་པོ་མེད།ཕལ་ཆེར་ལོ་རེར་སྨན་ཁང་དུ་ཐེངས་འགའ་ལ་སྡོད་དགོས་ཀྱི་ཡོད།  སྔོན་ཆད་སྨན་ཁང་ནས་ཐོན་པའི་འགྲོ་ལུགས་བསྒྲུབ་རྒྱུ་ཧ་ཅང་དཀའ་མོ་རེད།ད་ལྟ་སྨན་ཁང་གིས་ཆ་ཚང་ལྷན་དུ་རྩིས་བརྒྱབ་པ་སྟེ།སྒེའུ་ཁུང་གཅིག་ལས་ འགྲོ་ལུགས་ཚང་མ་བསྒྲུབ་ཐུབ་པས་དངོས་གནས་སྟབས་བདེ་རེད།”ཅེས་ཟླ་5ཚེས་2ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་མི་དམངས་སྨན་ཁང་ནས་སྒོར་ཐོན་བཞིན་པའི་འགྲོ་ལུགས་གཉེར་བའི་དབུལ་ཕོངས་ཁྱིམ་ཚང་གི་བསྟན་འཛིན་ཆོས་འཕེལ་གྱིས་འཛུམ་དམུལ་དམུལ་ངང་གསར་འགོད་པར་དེ་ལྟར་བཤད།
         ད་ལྟ་དཀར་མཛེས་རྫོང་གི་སྨན་ཁང་ཁག་དང་ཤང་གྲོང་འཕྲོད་བསྟེན་ཁང་གི་སྒོ་བསྟེན་སྨན་བཅོས་ཚོམས་ཆེན་དུ་སྨན་རིན་ལྷན་གཅིག་ཏུ་རྩིས་རྒྱག་སའི་སྒེའུ་ཁུང་དང་།བདེ་ཐང་དབུལ་སྐྱོར་སྲིད་ཇུས་དྲིལ་བསྒྲགས་བྱང་བུ།སྨན་ཁང་དུ་སྡོད་པའི་བརྒྱུད་རིམ་ཧྲིལ་བོའི་འགྲོ་ལུགས་ལྷན་དུ་བསྒྲུབ་པའི་དཔེ་རིས།ནད་པ་སྨན་ཁང་དུ་བསྡད་པའི་སྨན་རིན་རྩིས་རྒྱག་པའི་བརྒྱུད་རིམ་དཔེ་རིས་སོགས་ཀྱི་ནང་དོན་མཐོང་ཐུབ་ལ།ནད་པས་སྨན་པར་བསྟེན་པ་དང་སྨན་རིན་རྩིས་རྒྱག་པའི་ནང་དོན་ཚང་མ་ཧ་ཅང་ཁ་གསལ་པོར་བཟོས་ཡོད།
         “ང་ལོ་70ལ་སླེབས་གྲབས་ཡོད།ནད་ཕོག་རུང་རྫོང་ སྨན་ཁང་དུ་འགྲོ་ མི་འདོད།ཕར་ཚུར་སོང་ན་དཀའ་ལས་ཧ་ཅང་ཆེན་པོ་འདུག ད་ལྟ་ང་ཚོའི་ཤང་འཕྲོད་བསྟེན་ཁང་གི་སྨན་པས་ངའི་ནད་ལ་བལྟ་ཐུབ།”ཞེས་ལྷོ་པ་ཤང་ལྟེ་བའི་འཕྲོད་བསྟེན་ཁང་དུ་སྨན་བཅོས་བྱེད་བཞིན་པའི་ཡེ་དགའ་ཡིས་དེ་ལྟར་བཤད།རང་གི་ཁྱིམ་གྱི་ཉེ་འགྲམ་ནས་སྨན་བཅོས་ཀྱི་ཞབས་ཞུ་ཡག་པོ་ལོངས་སུ་སྤྱོད་ཐུབ་པས་ཧ་ཅང་སྟབས་བདེ་རེད།སྨན་ཁང་དེའི་ནང་གསར་འགོད་པས་གློག་རྡུལ་ཁྲག་ཤེད་འཇལ་ཆས་དང་།འཁྱེར་བདེའི་Bསྒྲ་རླབས་འཕྲུལ་ཆས།ཕྲ་མཐོང་ཆེ་ཤེལ། ཕྱོགས་བསྡུས་གཤག་བཅོས་ཀྱི་ལྟེབ་བརྩེགས་ཉལ་ཁྲི་སོགས་སྨན་བཅོས་ཡོ་ཆས་ཆ་ཚང་ཡོད་པ་མཐོང་།
འོས་འགན་སྨན་བཅོས་བྱེད་སྒོའི་ཡུལ་དངོས།
         དཀའ་ངལ་ཡོད་པའི་མང་ཚོགས་ལ་བདེ་ཐང་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་ཆེད་དང་།གྲོང་གསེབ་ཀྱི་དབུལ་ཕོངས་ཁྱིམ་ཚང་གིས་སྨན་པར་བསྟེན་པའི་འགྲོ་སོང་ཁུར་ཐུབ་པ་དང་། སྨན་པར་བསྟེན་ཐུབ་པ། སྨན་པ་ཡག་པོར་བསྟེན་ཐུབ་པ་བཅས་ཀྱི་ཆེད་དུ། དཀར་མཛེས་རྫོང་གིས་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།བྱེད་ཐབས་གསར་གཏོད་བྱེད་པ།ཐོན་ཁུངས་བསྡུ་སྒྲིལ་བཅས་བྱས་ཏེ།བདེ་ཐང་དབུལ་སྐྱོར་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས་གནད་ལ་ཁེལ་ཞིང་ནུས་པ་ཐོན་པའི་སྒོ་ནས་བདེ་ཐང་དབུལ་སྐྱོར་གྱི་ལས་དོན་ལ་སྐུལ་འདེད་བཏང་པ་རེད། དཀར་མཛེས་རྫོང་གིས་“བདེ་ཐང་དཀར་མཛེས་2030”ཞེས་པའི་འཆར་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་།རིམ་དབྱེའི་ནད་བརྟག་སྨན་བཅོས་དང་སྨན་རྫས་མཁོ་སྤྲོད་འགན་སྲུང་ལམ་ལུགས་སྔར་བས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ།ཐུམ་འབུའི་ནད་དང་ཨེ་ཙི་ནད་སོགས་འགོས་ནད་ཚབས་ཆེན་གྱི་ཕྱོགས་བསྡུས་འགོག་བཅོས་བྱ་བ་གཏིང་ཟབ་ཏུ་སྤེལ་ཞིང་།རྫོང་གི་མ་བུ་བདེ་སྲུང་འཆར་ལྡན་བུ་བཙའི་ཞབས་ཞུ་ལྟེ་གནས་དང་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་གསར་གཏོད་ཚད་ལོན་གྱི་ལས་དོན་ལེགས་པར་འགྲུབ་པ་དང་།ཀྲུང་བོད་ལུགས་སྨན་རྩིས་ཁང་ལ་མི་རིགས་སྨན་ཁང་གི་རིམ་པ་ཀ་པ་གཉིས་པའི་བསྐྱར་ཞིབ་ལེགས་འགྲུབ་བྱུང་བ་རེད། མ་དངུལ་སྒོར་ཁྲི་1963.5བཏང་ནས་རྫོང་མི་དམངས་སྨན་ཁང་གི་སྟག་ཐང་མ་ཡན་ལག་སྨན་ཁང་དང་ཀྲུང་བོད་ལུགས་སྨན་ཁང་གི་རུས་ནད་ཚན་ཁག་ཞག་སྡོད་པུའུ་སོགས་རྣམ་གྲངས་འཛུགས་སྐྲུན་ལེགས་གྲུབ་བྱུང་བ །རྫོང་རིམ་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་4ཡིས་2018ལོའི་ལོ་མཇུག་ཏུ་གསར་གཏོད་ཚད་ལོན་གྱི་ལས་དོན་ཕྱོགས་ཡོངས་ནས་ལེགས་པར་འགྲུབ་ཅིང་།ཤང་དང་གྲོང་རྡལ་22ཀྱི་འཕྲོད་བསྟེན་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལེགས་པར་འགྲུབ་པ་དང་། གྲོང་ཚོ་དབུལ་པོ་129ཡི་འཕྲོད་བསྟེན་ཁང་གི་ཆ་རྐྱེན་རིམ་པ་གཅིག་གིས་ཇེ་ལེགས་སུ་བཏང་ཡོད། “རིན་མེད་བཅུ་དང་ཁ་གསབ་བཞི”ཡི་སྨན་བཅོས་འགན་སྲུང་རོགས་སྐྱོབ་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ལ།སྐབས་འཕྲལ་རོགས་སྐྱོབ་བྱེད་སྟངས་གསར་གཏོད་བྱས་ནས་འཕྲོད་བསྟེན་དབུལ་སྐྱོར་ཐེབས་རྩའི་རོགས་སྐྱོབ་མི་ཐེངས་13672ཟིན་ལ་སྒོར་ཁྲི་285.61དངོས་སུ་བཏང་ཡོད། སྨན་བཅོས་དང་སྨན་རྫས་ཀྱི་གཅེས་སེམས་ཐེབས་རྩའི་རོགས་སྐྱོབ་མི་གྲངས་445ཟིན་པ་དང་སྒོར་ཁྲི་104.05དངོས་སུ་བཏང་པས།  དབུལ་ཕོངས་ཁྱིམ་ཚང་གི་ནད་བསྟེན་སྨན་བཅོས་ཀྱི་ཁུར་པོ་ ཇེ་ཡང་དུ་བཏང་ཡོད།
སྨན་པ་ནད་པའི་ཁྱིམ་དུ་སོང་ནས་ནད་པར་བརྟག་དཔྱད་བྱེད་པ།
         “ང་ཚོ་ལོ་ན་བགྲེས་ཤིང་གཟུགས་པོར་སྐྱོན་མང་པོ་ཡོད།གཟུགས་པོ་མི་བདེ་བའི་སྐབས་སུ་ཁ་པར་ཞིག་བཏང་ཚེ།  གན་རྒྱ་བཞག་པའི་པའི་ཁྱིམ་ཚང་གི་སྨན་པས་སྨན་སྒམ་ཁྱེར་ནས་ཁྱིམ་དུ་ཡོང་བས། ཧ་ཅང་སྟབས་བདེ་རེད།”ཟླ་5ཚེས་13ཉིན། དཀར་མཛེས་རྫོང་གསེར་འོད་ཤང་ཧོར་མགོ་གྲོང་ཚོའི་གྲོང་མི་ཚེ་རིང་མཁའ་འགྲོས་ཁྱིམ་དུ་ཁྱིམ་ཚང་གི་སྨན་པས་ཁོ་མོའི་ཁྲག་རྩའི་མཐོ་དམན་འཇལ་སྐབས་སྤྲོ་སེམས་འཁོལ་བའི་ངང་དེ་ལྟར་བཤད། 
         ཁོ་མོ་ཚང་དང་འདྲ་བར།དཀར་མཛེས་རྫོང་དུ་རོང་འབྲོག་ཁྱིམ་ཚང་ཁྲི་1.5ཙམ་ལ་ཁྱིམ་ཚང་གི་སྨན་པ་ཡོད་པ་སྟེ། གན་འཇོག་བཞག་པ་བརྒྱུད་རིན་མེད་ངང་མང་ཚོགས་ཀྱི་ཁྱིམ་དུ་ཡོང་ནས་ཞབས་ཞུ་བྱེད་པའི་སྤྱི་པའི་ཞབས་ཞུའི་རྣམ་གྲངས་ཡོད་ལ།དེ་བཞིན་ཞིང་འབྲོག་མང་ཚོགས་ཀྱིས་ཁ་པར་ལས་ཁྱིམ་ཚང་གི་སྨན་པར་རང་གི་བདེ་ཐང་གི་གནས་ཚུལ་བློ་འདྲི་བྱ་ཆོགཁྱིམ་ཚང་སྨན་པའི་ཞབས་ཞུའི་ལས་དོན་ལེགས་པོ་ཡོང་ཆེད། མང་ཚོགས་གྱིས་ཁྱིམ་ཚང་སྨན་པར་གན་རྒྱ་འཇོག་པའི་གནས་ཚུལ་ལ་རྒྱུས་མངའ་གསལ་པོ་ཡོང་བ་དང་མང་ཚོགས་ལ་ཞབས་འདེགས་སྔར་ལས་ལེགས་པོར་བསྒྲུབ་ཆེད། དཀར་མཛེས་རྫོང་གིས་ཡིག་ཚགས་དང་འཛིན་བྱང་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ལ་གྲལ་བཤེར་མཐིལ་རྟོགས་བྱས་པ་དང་།མི་རེ་རེར་གློག་རྡུལ་ཡིག་ཚགས་བཟོས་ཏེ་འགུལ་རྣམ་དོ་དམ་དང་རིགས་དབྱེའི་བདེ་ཐང་ཐེ་གཏོགས་ཀྱི་ལས་དོན་ལག་བསྟར་བྱས་ཤིང་། ནད་གཞི་ཚབས་ཆེན་བྱུང་བར་ཚོད་འཛིན་ནུས་ལྡན་བྱས་པ་རེད།ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་ལས་དོན་ཁྱོན་ཡོངས་ནས་ཁྱབ་གདལ་དུ་གཏོང་བ་དང་། གྲོང་གསེབ་ཀྱི་སྨན་པའི་ནུས་རྩལ་གསོ་སྦྱོང་དང་མཐོར་འདེགས་གཏོང་བར་མཐོང་ཆེན་བྱས་ཤིང་།འཕྲོད་བསྟེན་ལས་གྲྭ་དང་འཕྲོད་བསྟེན་ཁང་གིས་གཞི་རྩའི་སྤྱི་པའི་ཞབས་ཞུ་ཚོགས་པ་རྩ་འཛུགས་བྱས་ཏེ།དབུལ་སྐྱོར་ཞབས་ཞུ་བྱ་ཡུལ་རེ་རེ་ལ་ཁྱིམ་ཚང་སྨན་པའི་ཞབས་ཞུའི་གྲོས་མཐུན་གན་རྒྱ་བཞག་པ་དང་།དུས་བཀག་ལྟར་དམིགས་སའི་རང་བཞིན་ལྡན་པའི་བདེ་ཐང་དོ་དམ་དང་ཞབས་ཞུ་མཁོ་འདོན་བྱས་ནས། རྫོང་རིམ་པའི་སྨན་ཁང་གིས་སྣེ་ཁྲིད་པ་དང་། ཤང་(གྲོང་རྡལ)འཕྲོད་བསྟེན་ཁང་ནི་མཚམས་ཚིགས་དང་། གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་ནི་རྩ་བ་རུ་འཛིན་པའི་རིམ་གསུམ་བདེ་ཐང་དབུལ་སྐྱོར་གྱི་མ་ལག་ཅིག་བཙུགས་ཡོད་པ་རེད།  
         “བདེ་ཐང་དབུལ་སྐྱོར་ནི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཁྲོད་ཀྱི་གལ་ཆེ་བའི་གཡུལ་འགྱེད་ལྟ་བུ་ཞིག་ཡིན་ལ།བདེ་ཐང་དབུལ་སྐྱོར་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་པ་བྱས་ཚེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་རྨང་གཞི་བརྟན་པོའི་འགན་ལེན་ཡོད་པ་རེད།”ཅེས་དཀར་མཛེས་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱི་འགན་འཛིན་པས་དེ་ལྟར་བཤད་པ་དང་།ཁོས་ད་དུང་བརྗོད་དོན། “དམིགས་ཡུལ་འདི་མངོན་འགྱུར་ཡོང་ཆེད། ང་ཚོས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རྫོང་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་བསྡུ་སྒྲིལ་བྱས་པ་དང་། ནད་གཞིས་རྐྱེན་པས་དབུལ་པོར་འགྱུར་བ་དང་ནད་གཞིས་རྐྱེན་པས་དབུལ་པོར་བསྐྱར་ལོག་བྱེད་ཚད་དམའ་རུ་བཏང་ཡོད།དབུལ་ཕོངས་མང་ཚོགས་ཀྱིས་སྨན་པར་བསྟེན་པའི་འགྲོ་སོང་ཐེག་ཐུབ་པ་དང་། སྨན་པར་བསྟེན་ཐུབ་པ། སྨན་པ་ཡག་པོར་བསྟེན་ཐུབ་པ་བཅས་མངོན་འགྱུར་ཡོང་བ་དམིགས་ཡུལ་དུ་བཟུང་སྟེ།བདེ་ཐང་དབུལ་སྐྱོར་འཕེལ་རྒྱས་ཀྱི་འདུ་ཤེས་གསར་གཏོད་དང་། བདེ་ཐང་དབུལ་སྐྱོར་འཕེལ་རྒྱས་གཏོང་སྟངས་ལག་ལེན་དུ་བསྟར་ནས། མང་ཚོགས་དབུལ་པོར་ཕྱོགས་ཡོངས་ཀྱི་བདེ་ཐང་འགན་ལེན་གྱི་ཞབས་ཞུ་མཁོ་འདོན་བྱས་པ་ཡིན།”ཞེས་ཟེར། 
དཀར་མཛེས་རྫོང་མི་དམངས་སྨན་ཁང་།
དཀར་མཛེས་རྫོང་མི་དམངས་སྨན་ཁང་གི་གཤག་བཅོས་ཁང་།
འབྲེལ་ཡོད་རྩོམ་ཡིག