ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཚན་རིག་དང་མཐུན་པའི་འདེབས་འཛུགས་ལས་ཞིང་པའི་འཇོན་ཐང་ཆེ་རུ་ཕྱིན་པ།

2020-07-09
སྟེང་ཆེན་རྫོང་ཞེ་སྨད་གྲོང་ཚོའི་རིམ་སྤོར་དོ་དམ་དང་ལག་རྩལ་ལས་སྣོད་བཅུད་ཞིང་ལས་ཐོན་ལས་འཁོར་འབྲེལ་སྣུར་བསྲིང་ཡག་པོ་བྱུང་བ།
འདི་ནི་སྟེང་ཆེན་ཞིང་ལས་སྣོད་བཅུད་ཐོན་ལས་གླིང་གི་ལས་དོན་པས་འགྱིག་ཤོག་དྲོད་ཁང་ནང་ཀྲོ་མ་ཀྲུར་གཡོག་བྱེད་བྱེད་བཞིན་པ།
          ཉེ་བའི་ལོ་ཤས་རིང་སྟེང་ཆེན་རྫོང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཁྱད་ལྡན་ཀ་རྟེན་ཐོན་ལས་འཕེལ་རྒྱས་བཏང་བས་འཇོན་ཐང་ཅན་མང་པོའི་ཡིད་དབང་བཀུག “སྲིད་གཞུང་དང་། ཁེ་ལས། མཉམ་ལས་ཁང་བཅས་ཟུང་དུ་འབྲེལ་བའི”རྣམ་པའི་ཐོག་ནས་མཉམ་ལས་དང་དོ་དམ་བྱས་པ་བརྒྱུད་ཞེ་སྨད་གྲོང་ཚོའི་འགྱིག་ཤོག་དྲོད་ཁང་60མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་པའི་ཐབས་ལམ་གསར་པར་གྱུར་ཡོད།
          མཉམ་ལས་བྱེད་མཁན་གྱིས་འདེབས་འཛུགས་ཀྱི་གསོན་ཤུགས་གསར་པ་འཕེལ་བ་བྱས།
          ཞེ་སྨད་གྲོང་ཚོའི་འགྱིག་ཤོག་དྲོད་ཁང་60དེ་དག་2014ལོར་བསྐྲུན་པ་དང་ཕྱིས་སུ་ལག་རྩལ་མི་འདང་བའི་རྐྱེན་གྱིས་སྔོ་ཚལ་གྱི་སྣ་ཁ་གཅིག་རང་ལས་མེད་པ་དང་ཐོན་ཚད་ཀྱང་ཉུང་བས་ཁྲོམ་རའི་དགོས་མཁོ་སྐོང་ཐབས་བྲལ་ཏེ་ཡོང་འབབ་རག་གི་མེད།
          2016ལོར་ཐེན་ཅིན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་ཝང་ཁྲུན་ལུའེ་ཡིས་ཞེ་སྨད་གྲོང་ཚོར་བརྟག་ཞིབ་བྱས་ཏེ་སྣང་ཚུལ་དེ་རིགས་འགྱུར་ལྡོག་གཏོང་འགོ་ཚུགས།
          འགྱིག་ཤོག་དྲོད་ཁང་གི་གནད་དོན་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་རྗེས་ཝང་ཁྲུན་ལུའེ་ཡིས་ཞེ་གཞུང་ཤང་སྲིད་གཞུང་དང་གྲོས་མོལ་ཐེངས་མང་བྱས་པ་བརྒྱུད་མཐར་ཁེ་ལས་ནང་འདྲེན་བྱས་ནས་འགྱིག་ཤོག་དྲོད་ཁང་ལ་ཆེད་ལས་ཅན་གྱི་གཉེར་སྐྱོང་བྱ་རྒྱུའི་ངོས་འཛིན་གཅིག་མཐུན་བྱུང་བ་རེད།
          2016ལོའི་ལོ་མཇུག་ཏུ་ཐེན་ཅིན་གྱི་བོད་སྐྱོར་ལས་དོན་རུ་ཁག་གི་འབྲེལ་མཐུད་དང་གཞོགས་འདེགས་འོག་བཟའ་བཅའི་ཤ་མོ་ཐོན་ལས་ཀྱི་ལས་ཀ་བྱེད་མཁན་ཅཱ་ཧྲི་པོ་ཡིས་རུ་སྣེ་ཁྲིད་ནས་སྟེང་ཆེན་རྫོང་དུ་རྟོག་ཞིབ་བྱེད་པར་ཡོང་། ས་གནས་དེར་བརྟག་ཞིབ་བྱས་རྗེས་ཅཱ་ཧྲི་པོར་སྣོད་བཅུད་ཞིང་ལས་ཐོན་ལས་འཁོར་འབྲེལ་སྣུར་བསྲིང་བྱ་རྒྱུའི་བསམ་བློ་འཁོར། ཁོང་གིས་སྟེང་ཆེན་རྫོང་གི་འདེབས་འཛུགས་ལག་རྩལ་ཁྲོམ་ར་འཐུས་ཚང་མེད་པ་མཐོང་རྗེས་དེར་བསྡད་ནས་ཞབས་འདེགས་ཞུ་རྒྱུའི་སེམས་ཐག་བཅད།
          2017ལོའི་ཟླ་3པར་སྟེང་ཆེན་རྫོང་དུ་ཅིན་ཕུང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས།
          དེ་རྗེས་སྟེང་ཆེན་རྫོང་གིས་དབུལ་སྐྱོར་ཐོན་ལས་ལ་མ་དངུལ་སྒོར་ཁྲི་250བཏང་བ་དང་ཅིན་ཕུང་ཞིང་ལས་ཀུང་སིས་སྒོར་ཁྲི་1000བཏང་ནས་2017ལོའི་ཟླ་5པར་ཞེ་སྨད་གྲོང་ཚོར་མུའུ་115ཡོད་པའི་སྟེང་ཆེན་རྫོང་གི་ཞིང་ལས་སྣོད་བཅུད་ཐོན་ལས་གླིང་བསྐྲུན་པ་རེད།
          ཅིན་ཕེང་ཞིང་ལས་དང་ཞེ་སྨད་གྲོང་ཚོ་མཉམ་ལས་གྲོས་མཐུན་བཞག་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མང་ཚོགས་17གླས་ཏེ་ཞིང་ལས་བྱེད་དུ་བཅུག་པ་དང་མི་རེར་ཟླ་རེར་གླ་ཆ་སྒོར་3600ཡོད་པ་དང་དེའི་ནང་དོ་དམ་པ་བཞིར་ཟླ་རེར་གླ་ཆ་སྒོར་4200ཡོད་པ་རེད།
          ཡུན་རིང་མ་སོང་བར་ཅིན་ཕེང་ཞིང་ལས་ཀྱིས་སླར་ཡང་སྨི་ངོས་གྲུ་2000གི་རིག་ནུས་འགྱིག་ཤོག་དྲོད་ཁང་ཆེན་པོ་བཙུགས་ནས་མེ་ཏོག་ཐོན་ལས་ཅན་གྱི་འཕེལ་རྒྱས་ལམ་དུ་བསྐྱོད་འགོ་ཚུགས། 2019ལོར་སྟེང་ཆེན་རྫོང་གིས་ཐོན་ལས་མ་དངུལ་སྒོར་ཁྲི་1300བཏང་བ་དང་ཅིན་ཕེང་ཞིང་ལས་ཀུང་སིས་མ་དངུལ་སྒོར་ཁྲི་1200བཏང་ནས་སྟེང་ཆེན་རྫོང་གི་ཞིང་ལས་ཐོན་རྫས་ཟོག་འགྲེམས་གླིང་བསྐྲུན་པ་རེད།
          ཚན་རིག་ལག་རྩལ་ལ་བརྟེན་ནས་ཞིང་ལས་འཕེལ་རྒྱས་བཏང་།
          “ཐོག་མར་འགྱིག་ཤོག་དྲོད་ཁང་རྩིས་ལེན་སྐབས་ས་མཁྲེགས་པ་མ་ཟད། རྡོ་ཧྲུག་མང་བའི་ཁར་འགྱིག་ཤོག་ཀྱང་གང་ས་ནས་རལ་ཏེ་ག་བྱེད་འདི་བྱེད་མེད་པའི་གནས་སུ་ལུས་བྱུང”ཞེས་ཅིན་ཕེང་ཞིང་ལས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཝང་ཁྲུན་པོ་ཡིས་དེ་སྔའི་འགྱིག་ཤོག་དྲོད་ཁང་གི་གནས་ཚུལ་ཕྱིར་དྲན་བྱེད་བཞིན་དུ་སེམས་སྡུག་ཆེན་པོས་བཤད།
          ཕྱོགས་ཡོངས་ནས་རིམ་སྤོར་སྒྱུར་བཀོད་བྱེད་པ་ནི་ཁ་ཚ་དགོས་གཏུགས་ཡིན་ཞིང་། འགྱིག་ཤོག་དྲོད་ཁང་ཉམས་བཟོ་བྱས་པ་དང་། འགྱིག་ཤོག་དྲོད་ཁང་ལ་སྲིང་བལ་ཉལ་ཆས་ཀྱིས་ཐུམ་བརྒྱབ་ནས་གྲང་ངར་འགོག་ཐབས་བྱས་པ། འགྱིག་ཤོག་དྲོད་ཁང་གི་བྱེ་རྡོ་གཙང་སེལ་བྱས་ནས་སྐྱེ་ལྡན་ལུད་བརྒྱབ་པ། ཚན་རིག་དང་མཐུན་པའི་ངང་ས་རྒྱུ་ལེགས་སུ་བཏང་བ། ཞིང་ཆུ་རང་དགར་གཏོང་བ་ནས་སྦུ་གུས་ཞིང་ཆུ་གཏོང་བ་དང་སྨུག་འགྱུར་གྱི་ཞིང་ཆུ་གཏོང་བར་འགྱུར་ལྡོག་བཏང་བས་ཆུ་གྲོན་ཆུང་ཐུབ་པ་མ་ཟད། ས་རྒྱུའི་ཆུ་འཛིན་ནུས་པ་ཆེ་རུ་ཕྱིན་པ། སོན་བཟང་འདེམས་སྤྱོད་འཕྲུལ་ཆས་དང་འདེབས་འཛུགས་འཕྲུལ་ཆས་སོགས་སྤྱད་དེ་འགྱིག་ཤོག་དྲོད་ཁང་གི་འདེབས་འཛུགས་འཕྲུལ་ཆས་ཅན་མངོན་འགྱུར་ཐུབ་ནས་འགྱིག་ཤོག་དྲོད་ཁང་གི་ཕན་འབྲས་ཐོན་པར་བྱས་ཡོད།
          ཅིན་ཕེང་ཞིང་ལས་ཀུང་སིས་གླས་པའི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་17ལ་འདེབས་འཛུགས་ལག་རྩལ་གསོ་སྦྱོང་བྱས་ཤིང་། ནང་སའི་ལག་རྩལ་མི་སྣ་ཆེད་མངགས་གདན་དྲངས་ཏེ་སློབ་ཁྲིད་བྱས་པ་དང་། ལག་རྩལ་ལག་དེབ་སྤྲད་པ། སློབ་ཁྲིད་བརྙན་ལམ་བསྟན་པ་སོགས་བྱས་ནས་ལོ་གཅིག་ལྷག་ཙམ་ནང་དམིགས་སའི་རང་བཞིན་གྱི་གསོ་སྦྱོང་བྱས་པ་བརྒྱུད། དོ་དམ་པ་བཞིས་ལྗང་གསོ་དང་། འདེབས་འཛུགས་དོ་དམ། ནད་འབུ་འགོག་བཅོས། ས་དཔྱད་ལུད་སྦྱོར་སོགས་ཀྱི་ལག་རྩལ་ཤེས་པ་དང་མི་13གྱིས་རྒྱུན་གཏན་གྱི་འདེབས་འཛུགས་ལས་དོན་བྱང་ཆུབ་པ་ཤེས་ཀྱི་ཡོད་པ་རེད།
          ད་ཆ་ཞིང་ལས་སྣོད་བཅུད་གླིང་དུ་སྐྱོད་སྐབས། འགྱིག་ཤོག་དྲོད་ཁང་གི་སྔོ་ཚལ་དང་མེ་ཏོག་གི་སྐྱེ་འཚར་ལེགས་པ་དང་མེ་ཏོག་གི་དྲི་ཞིམ་གང་སར་འཐུལ། སྨི་ངོས་གྲུ་2000ཡོད་པའི་རིག་ནུས་འགྱིག་ཤོག་དྲོད་ཁང“མེ་ཏོག་སྤྲོ་སྐྱིད་གླིང”དུ་ལི་ཤིའི་མེ་ཏོག་དང་། རྒྱ་སེ་མེ་ཏོག ཧའེ་ཐང་མེ་ཏོག སྨྱུག་རྩྭ་སོགས་ཡོད་པས་མི་རྣམས་ཀྱི་ཡིད་དབང་རྦད་དེ་འཕྲོག་གི་ཡོད།
          འདེབས་འཛུགས་ལ་བརྟེན་ནས་ཡོང་འབབ་བཏོད།
          འདི་ལོའི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ངལ་གསོའི་རིང“མེ་ཏོག་སྤྲོ་སྐྱིད་གླིང”དུ་རྫོང་གྲོང་དང་ཉེ་འཁོར་ས་ཁུལ་ནས་མེ་ཏོག་ཉོ་བར་ཡོང་མཁན་མང་པོ་ཡོད།
          སྟེང་ཆེན་རྫོང་མི་སྤྱི་ཅུས་ཀྱི་བྱང་ཆུབ་དུས་རྒྱུན་ནས་མེ་ཏོག་གསོ་བར་དགའ་པོ་ཡོད། གུང་གསེང་རིང་ཁོང་གིས་ཆེད་མངགས་རང་གི་ཁྱོ་ག་དང་གཅེན་མོ་ཁྲིད་ནས་མཉམ་དུ་མེ་ཏོག་ལ་ལྟ་བར་ཕྱིན། ཅི་འཕྲོས་མོལ་འཕྲོས་ཤོད་རིང་ཁོང་གིས་གསར་འགོད་པར“མེ་ཏོག་འགྱིག་ཤོག་དྲོད་ཁང་ཡོད་པ་ནས་བཟུང་འཚོ་བ་དེ་བས་སྤྲོ་སྣང་ལྡན་པར་གྱུར་སོང་། ང་འདི་གར་རྟག་ཏུ་མེ་ཏོག་ལ་ལྟ་བར་ཡོང་གི་ཡོད། མེ་ཏོག་དེ་ཚོ་སོས་པ་ཡིན་པའི་ཐོག་རིན་གོང་ཡང་ཁེ་པོ་འདུག་པས་ངས་ཉོས་པའི་མེ་ཏོག་ཅུ་གང་འདིར་སྒོར་50དང་གཅེན་མོས་ཉོས་པའི་ཧའེ་ཐང་མེ་ཏོག་ལ་སྒོར་35ལས་མ་རེད”ཅེས་བཤད།
          མེ་ཏོག་ཉོ་མཁན་ཚོས་མེ་ཏོག་བདམས་ཚར་རྗེས་དོ་དམ་པ་ནོར་བུས་ངང་རྒྱུད་རིང་པོས་མེ་ཏོག་གཞན་དག་དེར་དབོར་ཡོང་།
          དེ་སྔ་ཐག་རིང་གི་སྐྱེལ་འདྲེན་ལས་ལ་གཞོལ་ནས་འཚོ་བ་སྐྱེལ་མཁན་ནོར་བུས་ཚོང་ཟོག་འཐེན་དཀའ་བ་དང་ཡོང་འབབ་ཇེ་ཉུང་དུ་སོང་བའི་རྐྱེན་གྱིས་མེ་ཏོག་གླིང་དུ་ལས་ཀ་བྱེད་པར་ཡོང་། ཁོང་གིས་སྤྱི་སྐད་ཡག་པོ་ཤོད་ཤེས་པའི་ཐོག་དཀའ་ངལ་ཡང་བཟོད་ཐུབ་པས་དོ་དམ་པར་བདམས་ནས་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་ནས་འབབ་འཕར་ཡང་བྱུང་ཡོད།
          ལོ་ལྟར་ཟླ་ལྔ་པ་དང་དྲུག་པ་ནི་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚིགས་རེད། འོན་ཀྱང་2017ལོར་མེ་ཏོག་གླིང་དུ་ལས་ཀར་ཞུགས་རྗེས་ནོར་བུས་དབྱར་རྩྭ་དགུན་འབུ་འཐུ་བར་ཕྱིན་མེད། “ཀུང་སིས་ཟླ་གཉིས་རིང་ང་ཚོར་གླ་ཆ་སྒོར་1400ཁ་གསབ་སྤྲོད་རྒྱུ་ཡིན་པས་རང་ཉིད་ལ་ཟླ་རེར་གླ་ཆ་སྒོར་5600འདུག ཡོང་འབབ་དེ་དེ་སྔོན་སྐྱེལ་འདྲེན་བྱེད་པའི་ཡོང་འབབ་ལས་མང་བ་འདུག་ལ་ཉིན་ལྟར་སྔོ་ཚལ་སོས་པའང་ཟ་རྒྱུ་འདུག”རེས་ལས་ཀ་དེར་ནོར་བུས་གཅེས་འཛིན་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད།
          ནོར་བུ་ཙམ་མ་ཟད། ལས་བཟོ་གཞན་དག་16ཡང་ཚང་མ་ལས་གནས་སུ་ཡོད་པ་དང་། ཉིན་དེ་དག་རིང་ཀྲོ་མ་ཀྲུ་དང་། སོ་ལོ་སྔོན་པོ། ཧོང་ཀྭ་སོགས་སྔོ་ཚལ་དང་ཤིང་འབྲས་གཅིག་རྗེས་གཉིས་མཐུད་ངང་འཐུ་བའི་དུས་སུ་སླེབས་ཡོད། འདས་ཟིན་པའི་གཟའ་འཁོར་གཅིག་རིང་ཁོ་ཚོས་སྔོ་ཚལ་དང་ཤིང་འབྲས་རྒྱ་མ་ཆིག་སྟོང་ལྷག་ཙམ་བཀོག་སྟེ་ཚང་མ་སློབ་གྲྭ་དང་། འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས། རྫོང་སྲིད་གཞུང་གི་ཟ་ཁང་སོགས་ལ་མཁོ་འདོན་བྱས་ཡོད།
          “མིག་སྔར་ང་ཚོས་ཚད་གཞི་མཐོ་བའི་འགྱིག་ཤོག་དྲོད་ཁང་13སྐྲུན་བཞིན་ཡོད་པ་དང་སྔོན་དཔག་ལྟར་ན་འདི་ལོའི་ཟླ་8པར་སྤྱོད་འགོ་ཚུགས་རྒྱུ་རེད། སྐབས་དེར་སྲན་མཆི་དང་། རྒུན་འབྲུམ་ཆེན་པོ། འབྲི་ཏ་ས་འཛིན། ཤིང་ཏོག་ཡིའུ་ཙི་སོགས་མང་ཚོགས་ཀྱི་གསོལ་ལྕོག་ཐོག་གཤོམ་རེ་ཡོད”ཅེས་ཝང་ཁྲུན་པོས་འགྱིག་ཤོག་དྲོད་ཁང་ཆེ་མོར་མཛུབ་མོ་འཛུགས་བཞིན་དེ་ལྟར་བཤད།
འབྲེལ་ཡོད་རྩོམ་ཡིག