ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

གནད་འཕིགས་དབུལ་སྐྱོར་ལ་རོགས་རམ་བྱས་ཏེ་བོད་ལྗོངས་ཀྱི་“གངས་ལྗོངས་ལྷ་ཆབ”ཅང་སུའུ་ནན་ཅིང་དུ་སྐྱེལ་བ་རེད།

2020-07-10 པདྨ་ཚེ་རིང་གིས་བསྒྱུར།
       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ནི་མདོ་དབུས་མཐོ་སྒང་དུ་གནས་ཤིང་མཚེའུ་ཡི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་མཚེའུ་རྒྱ་ཁྱོན་གྱི་གསུམ་ཆ་གཅིག་ཙམ་བཟུང་བས་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཉེ་ཆར་“གངས་ལྗོངས་ལྷ་ཆབ”ཕྱི་རུ་སྐྱེལ་བར་རོགས་རམ་དང་གནད་འཕིགས་དབུལ་སྐྱོར་གྱི་ཕན་འབྲས་སྔར་བས་ཆེ་རུ་གཏོང་ཆེད། ཅང་སུའུ་བོད་སྐྱོར་མདུན་སའི་བཀོད་འདོམས་པུའུ་ཡིས་གཙོ་གཉེར་བྱས་པ་དང་ལྷ་ས་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱིས་གཞོགས་འདེགས་བྱས་པ། ཅང་སུའུ་ཞིང་ཆེན་སུའུ་ཚོང་འཕེལ་རྒྱས་སྐུལ་འདེད་ལྷན་ཚོགས་ཀྱིས་གཉེར་འགན་འཁུར་བའི་“ལྷ་སའི་ཆུ་ཡག་པོ”ཡུལ་དངོས་ནས་འོས་སྦྱོར་ངོ་སྤྲོད་ཞུ་བའི་ཚོགས་འདུ་ནན་ཅིང་དུ་འཚོགས་ཤིང་། མི་200ཙམ་འོས་སྦྱོར་བྱེད་སྒོར་ཞུགས་ཡོད་པ་རེད། 
       བྱེད་སྒོ་སྤེལ་ཡུལ་དུ་ལྷ་ས་གྲོང་ཁྱེར་གྱི་རང་བྱུང་འཐུང་ཆུའི་ཁེ་ལས་དང་དེ་བཞིན་ཁྱད་ལྡན་ཐོན་རྫས་ཁེ་ལས་10ལྷག་ཙམ་གྱི་སྤུས་ལེགས་ཐོན་རྫས་རྣམས་གཅིག་བསྡུས་ཀྱིས་འགྲེམ་སྟོན་བྱས་ཏེ། ཅང་སུའུ་ཞིང་ཆེན་གྱི་མི་དམངས་ལ་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཉམས་སུ་མྱོང་དུ་བཅུག་ཅིང་། ཚོགས་འདུར་ཞུགས་པའི་ཅང་སུའུ་ཞིང་ཆེན་གྱི་ཁེ་ལས་མང་པོ་ཞིག་གིས་རང་འགུལ་ངང་ལྷ་སའི་ཁེ་ལས་དབར་སྤེལ་རེས་དང་འབྲེལ་གཏུག་བྱས་ནས་ཐོན་རྫས་ཀྱི་ཁྱད་ཆོས་ཤེས་རྟོགས་གང་ལེགས་བྱས་ཏེ་མཉམ་ལས་ཀྱི་བསམ་ཚུལ་ཡོད་པར་བསྟན།
འོས་སྦྱོར་ཚོགས་འདུའི་ཡུལ་དངོས།
       ལྷ་ས་གྲོང་ཁྱེར་གྱི་ཁེ་ལས་ཀྱིས་“གངས་ལྗོངས་ལྷ་ཆབ”ཅང་སུའུ་ཞིང་ཆེན་གྱི་ཁྲོམ་ར་རྒྱ་སྐྱེད་བཏང་ནས་ཕན་འབྲས་ཆེན་པོ་འདི་འདྲ་ཐོན་པ་བསམ་ཡུལ་ལས་འདས་སོང་། ད་ཐེངས་ཀྱི་བྱེད་སྒོས་ལྷ་ས་གྲོང་ཁྱེར་གྱི་ཐོན་ལས་སྟོབས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་མཐོ་རུ་གཏོང་བ། མི་མངོན་པའི་ཁྲོམ་ར་སྔོག་འདོན་ལེགས་པོ་བྱེད་པ་སོགས་ཀྱི་ཐད་ནས་སྐུལ་ཁྲིད་ཀྱི་ནུས་པ་ཆེན་པོ་ཐོན་ངེས་ཤིང་། “གངས་ལྗོངས་ལྷ་ཆབ”མཐོ་སྒང་ནས་ཐོན་ཏེ་རྒྱལ་ཡོངས་སུ་སྐྱོད་པའི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་ཡོད། ཅེས་གཅིག་རྗེས་གཉིས་མཐུད་ངང་དེ་ལྟར་བཤད།
འོས་སྦྱོར་ཚོགས་འདུའི་ཡུལ་དངོས།
       ད་ལོ་ནས་བཟུང་ཅང་སུའུ་བོད་སྐྱོར་མདུན་སའི་བཀོད་འདོམས་པུའུ་ཡིས་དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་པ་དང་ཅང་སུའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱ་ལྟར། འཛད་སྤྱོད་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚོང་རའི་ཁྲིད་ཕྱོགས་མཐའ་འཁྱོངས་བྱེད་པ། ལས་མི་ཡོངས་ཞུགས་བྱེད་པར་བསྟོད་སྐུལ་བཅས་བྱས་ཏེ་བོད་སྐྱོར་ལས་གཞི་དང་འཛད་སྤྱོད་དབུལ་སྐྱོར་གྱི་མཉམ་འགུལ་ལམ་སྲོལ་བཙུགས་ཤིང་། ལྷ་སའི་དག་ཞིང་བདེ་ཐང་ཐོན་རྫས་ནན་ཅིང་འགྲེམ་ཚོང་ཚོགས་འདུ་གཉེར་བ་དང་། ཅང་སུའུ་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་གཞུང་ཁོངས་ཁེ་ལས་དང་འབྲེལ་བ་བྱས་ནས་ལྷ་སའི་ཐོན་རྫས་ཉོ་སྒྲུབ་བྱེད་པ། ལྷ་སའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་ལས་སྣོན་སྣེ་འདྲེན་ཁེ་ལས་དེ་ཅང་སུའུ་ཞིང་ཆེན་ཤར་ནུབ་རྒྱུད་ཀྱི་འཛད་སྤྱོད་དབུལ་སྐྱོར་མནའ་འབྲེལ་ནང་ཞུགས་པ་སོགས་ཀྱི་བྱ་ཐབས་བརྒྱུད་དེ། བོད་སྐྱོར་འཛད་སྤྱོད་དབུལ་སྐྱོར་གྱིས་ལྷ་ས་གྲོང་ཁྱེར་གྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུར་རོགས་རམ་བྱེད་པའི་ཁྲོད་ཀྱི་གལ་ཆེའི་ནུས་པ་འདོན་སྤེལ་དང་དགེ་མཚན་ལྡན་པའི་གྲུབ་འབྲས་ལེགས་པོ་ཐོབ་ཡོད། 
       རྗེས་ཕྱོགས་ཅང་སུའུ་བོད་སྐྱོར་མདུན་སའི་བཀོད་འདོམས་པུའུ་ཡིས་འབྲེལ་འདྲིས་ནུས་པ་སྔར་བས་གང་ལེགས་བཏོན་ཏེ་འཛད་སྤྱོད་དབུལ་སྐྱོར་གྱི་ཁྱབ་ཁོངས་དེ་བས་ཇེ་ཡངས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཅང་སུའུ་དང་ལྷ་སའི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཁྲོམ་རའི་ལེགས་ཆ་ནུས་ལྡན་ངང་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་བ། འགོ་འཛུགས་ས་མཐོ་བ་དང་། གཏིང་ཟབ་པ། ཁྱབ་རྒྱ་ཆེ་བ་བཅས་ཀྱི་ཐོན་ལས་མཉམ་ལས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ལ་བདེ་སྐྱིད་སྔར་ལས་ལྷག་པ་བསྐྲུན་རྒྱུ་རེད།
འབྲེལ་ཡོད་རྩོམ་ཡིག