ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཝུའུ་དབྱིང་ཅེས་མ་ཐིང་ལི་བཅས་པ་དང་བཞུགས་མོལ་གནང་འདུག

2020-07-13
          ཚེས་9ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་ཀན་སུའུ་ཞིང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་ཡིན་པའི་མ་ཐིང་ལི་བཅས་པ་དང་བཞུགས་མོལ་གནང་ཞིང་། ཝུའུ་དབྱིང་ཅེས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་མ་ཐིང་ལི་དང་བཅས་པ་བོད་ལྗོངས་སུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་། ཀན་སུའུ་ཞིང་ཆེན་གྱིས་དུས་ཡུན་རིང་པོའི་ནང་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། 
          ཝུའུ་དབྱིང་ཅེས་ཉེ་བའི་ལོ་ཤས་ནང་ཀན་སུའུ་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་དང་ལྷག་དོན་དུ་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་ཐད་བསྔགས་བརྗོད་གནང་ཞིང་། ཁོང་གིས་ཀན་སུའུ་ནི་བོད་ལྗོངས་ཀྱི་གཅེན་གཅུང་ཡག་པོ་ཞིག་ཡིན་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་བྱས་ཡོད། ཀན་སུའུ་ཡི་མི་དམངས་དཀའ་སྤྱད་སྙིང་རུས་ཆེ་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཐད་མཛའ་བརྩེ་ཟབ་མོ་བྱུང་ཡོད། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱིས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བཅས་ཐད་མཉམ་ལས་ཆེན་པོ་བྱས་ཏེ། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་བྱ་གཞག་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 
          མ་ཐིང་ལི་ཡིས་ད་རེས་བོད་ལྗོངས་སུ་བརྟག་ཞིབ་ལ་ཡོང་བ་ནི་ཉམས་མྱོང་གསོག་པ་དང་། སློབ་སྦྱོང་བྱེད་པ། འགན་འཁྲི་ཁུར་བ། མཉམ་ལས་བྱེད་པ་བཅས་ཞིག་ཡིན། ཀན་སུའུ་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་བརྩི་བཀུར་ཞུས་ཏེ་བོད་རང་སྐྱོང་ལྗོངས་དང་མཉམ་དུ་འབད་བརྩོན་བྱས་ནས་ཕྱོགས་མིའི་ཞབས་ཞུའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཆོས་ལུགས་མི་སྣའི་སྣེ་འཁྲིད་དེ་ཐུན་མོང་ཐོག་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པ། མཐུན་སྒྲིལ་དང་སློབ་གསོར་བརྟེན་ནས་ཁེ་ལས་མཁས་ཅན་དང་ཚོང་པས་ཁ་དན་ཚིག་གནས་ཀྱི་སྒོ་ནས་ཁྲིམས་སྲུང་རྒྱུར་ཁྲིད་སྟོན་བྱས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་བ་དང་། བོད་ལྗོངས་དང་ཀན་སུའུ་ཡིས་བོད་ལུགས་གསོ་རིག་དང་ཀྲུང་ལུགས་གསོ་རིག་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། ས་མཐོའི་ཡུལ་སྐོར་ལས་རིགས་མཉམ་སྒུལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་བར་མཉམ་ལས་དང་། མཉམ་དུ་འཕེལ་རྒྱས། གཉིས་ཕན་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 
འབྲེལ་ཡོད་རྩོམ་ཡིག