ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

“མཐོ་སྒང་གི་ཁེར་ཆགས་གླིང་ཕྲན”མེ་ཏོག་རྫོང་གི་གྲོང་གསེབ་དར་སྤེལ་གྱི་བགྲོད་ལམ།

2023-01-10
པར་འདི་ནི་ཁྲབ་མེ་གཞུང་ལམ་གྱི་དགའ་ལུང་ལའི་ཕུག་ལམ་རེད། 
  མེ་ཏོག་རྫོང་ནི་ཧི་མ་ལ་ཡའི་རི་རྒྱུད་ཤར་ངོས་ལྷོ་འདབས་དང་ཡར་ཀླུང་གཙང་པོའི་དབུས་སྨད་རྒྱུད་དུ་གནས་ཡོད། རང་བྱུང་སྲུང་ཡོལ་ཆེན་པོའི་བཀག་འགོག་བྱས་ཡོད་པས་མེ་ཏོག་རྫོང་དུ་དུས་ཡུན་རིང་བོར་གཞུང་ལམ་ཤར་གཏོང་མ་ཐུབ། “མཐོ་སྒང་གི་ཁེར་ཆགས་གླིང་ཕྲན”ཞེས་འབོད་པའི་མེ་ཏོག་རྫོང་གི་དངོས་ཟོག་སྐྱེལ་འདྲེན་གྱི་ཐབས་ལམ་ཉག་གཅིག་ནི་རྟ་དང་མི་ཡིས་འཁུར་རྒྱུ་དེ་ཡིན།
  དུས་རབས20པའི་ལོ་རབས60ནས་བཟུང་སྲིད་གཞུང་གིས་ཐེངས་མང་མ་དངུལ་བཏང་ནས་མེ་ཏོག་རྫོང་དུ་སྐྱོད་པའི་གཞུང་ལམ་གསར་སྐྲུན་བྱས། འོན་ཀྱང་ས་གཤིས་གྲུབ་ཚུལ་རྙོག་འཛིང་ཆེ་བ་དང་རང་བྱུང་གནོད་འཚེ་ཡང་ཡང་བྱུང་བ་སོགས་ཀྱི་དབང་གིས་གཞུང་ལམ་ལ་ཡང་ཡང་གཏོར་སྐྱོན་ཕོག
  2013ལོའི་ཟླ10པའི་ཚེས31ཉིན། ཉིང་ཁྲི་གྲོང་ཁྱེར་སྤོ་མེས་རྫོང་ཁྲབ་རྨོག་གྲོང་རྡལ་ནས་མེ་ཏོག་རྫོང་མཁར་བར་གྱི་གཞུང་ལམ་དངོས་སུ་ཤར་གཏོང་གཉེར་སྐྱོང་བྱས་ཤིང་། དེ་ནི་མེ་ཏོག་རྫོང་དུ་སྐྱོད་པའི་འགྲིམ་འགྲུལ་བགྲོད་ལམ་ཐོག་མ་རུ་གྱུར། རླངས་འཁོར་དང་ཞིང་སྤྱོད་འཕྲུལ་ཆས་སོགས་མེ་ཏོག་རྫོང་དུ་ཡོང་ཐུབ་པས་བྱིས་པ་རླངས་འཁོར་དུ་བསྡད་ནས་སློབ་གྲྭར་སོང་ཆོག་པ་དང་། ནད་པ་ཡང་རླངས་འཁོར་དུ་བསྡད་ནས་སྨན་ཁང་ཆེན་པོར་སྨན་བསྟེན་དུ་སོང་ཆོག་པས། རྟ་དང་མི་ཡིས་རྒྱབ་ལ་འཁུར་བའི་དངོས་ཟོག་སྐྱེལ་འདྲེན་དུས་རབས་ལོ་རྒྱུས་སུ་གྱུར་བ་རེད། 
  ཁྲབ་རྨོག་གྲོང་རྡལ་དང་མེ་ཏོག་རྫོང་བར་གྱི་གཞུང་ལམ་ཤར་གཏོང་ཐུབ་པའི་ལོ་གཉིས་པར་བཟོ་སྐྲུན་རྒྱུ་ཆ་འབོར་ཆེན་མེ་ཏོག་རྫོང་དུ་དབོར་འདྲེན་བྱས་ཏེ། ས་གནས་ཀྱི་བདེ་སྡོད་ཁང་པ་དངོས་སུ་འཛུགས་སྐྲུན་བྱེད་མགོ་ཚུགས་པ་རེད། དེ་རྗེས་ཀྱི་ལོ་འགའི་རིང་། མེ་ཏོག་རྫོང་དུ་བདེ་སྡོད་ཁང་བ་འཛུགས་སྐྲུན་གྱི་ལས་དོན་རྒྱ་ཆེར་སྤེལ་ཏེ་མང་ཚོགས་རྣམས་སྡོད་ཁང་གསར་བའི་ནང་སྤོས་པ་ཡིན་ལ། སྡོད་ཁང་འཛུགས་སྐྲུན་གྱི་གྲོན་དངུལ་མང་ཆེ་ཤོས་སྲིད་གཞུང་གིས་འགན་འཁུར་བ་རེད།
པར་འདི་ནི་ས་གནས་མང་ཚོགས་ཀྱིས་ཇ་ལོ་འཐོག་ནས་སིལ་སྐམ་བྱེད་བཞིན་པའི་རྣམ་པ་རེད།
  བསྡོམས་རྩིས་བྱས་པ་ལྟར་ན། མེ་ཏོག་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང2012ལོའི་སྒོར་དུང་ཕྱུར2.6ནས2021ལོའི་སྒོར་དུང་ཕྱུར8.52བར་ཇེ་མཐོར་ཕྱིན་ནས་ལོ་རེར་ཆ་སྙོམས13.8%འཕར་བ། རོང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ2012ལོའི་སྒོར4875ནས2021ལོའི་སྒོར15278བར་ཇེ་མཐོར་ཕྱིན་པ་དང་ལོ་རེར་ཆ་སྙོམས13.5%འཕར་ཡོད། 2019ལོར་མེ་ཏོག་རྫོང་གིས་དབུལ་ཞྭ་ཕུད་ནས་ལོ་རྒྱུས་རང་བཞིན་གྱིས་དབུལ་ཕོངས་མེད་པར་བཟོས་པ་རེད། 
  མིག་སྔར། མེ་ཏོག་རྫོང་གི་ཤང་དང་གྲོང་རྡལ8ཀྱི་ཁོངས་གཏོགས་སྲིད་འཛིན་གྲོང་ཚོ་ཚང་མར་རླངས་འཁོར་ཤར་གཏོང་བྱས་ཡོད་པ་དང་། སྨན་གླིང་རྫོང་ཕད་གྲོང་རྡལ་ནས་མེ་ཏོག་རྫོང་བར་གྱི་ཕད་མེ་གཞུང་ལམ་གྱི་གཙོ་གཞིའི་ལས་གཞི་ཡང་ལེགས་པར་འགྲུབ་ཡོད་ལ། འདི་ཉིད་མེ་ཏོག་རྫོང་དུ་སྐྱོད་པའི་འགྲིམ་འགྲུལ་བགྲོད་ལམ་གཉིས་པར་འགྱུར་གྲབས་ཡོད། ཕད་མེ་གཞུང་ལམ་ཤར་གཏོང་གཉེར་སྐྱོང་བྱས་རྗེས། ཉིང་ཁྲི་གྲོང་ཁྱེར་ནས་མེ་ཏོག་རྫོང་བར་གྱི་གཞུང་ལམ་བར་ཐག་དེ་སྔོན་གྱི་སྤྱི་ལེ346ནས་སྤྱི་ལེ180བར་ཇེ་ཐུང་འགྲོ་རྒྱུ་ཡིན་པ་དང་། འགྲོ་སྐྱོད་དུས་ཚོད་ཀྱང་དུས་ཚོད8ཡས་མས་ཇེ་ཐུང་དུ་འགྲོ་རྒྱུ་རེད། 
འདི་ནི2022ལོའི་ཟླ9པའི་ཚེས30ཉིན་པར་བླངས་པའི་ཕད་མེ་གཞུང་ལམ་གྱི་མགོ་འཛུགས་ས་ཕད་གྲོང་རྡལ་གྱི་མཚམས་རེད།  
  མེ་ཏོག་རྫོང་ཨུའི་ཧྲུའུ་ཅི་ཝེ་ཁྲང་ཆིས་ཀྱིས་སྟབས་བདེ་བའི་འགྲིམ་འགྲུལ་གྱིས་ས་གནས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ལས་དང་ཡུལ་སྐོར་ལས་རིགས། ཚོང་ལས་སོགས་ཡུན་རིང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐོན་པ་དང་། ཕྱོགས་ཡོངས་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཐུབ་པས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པར་བྱེད་ནུས་གལ་ཆེན་ལྡན་ཡོད་ཅེས་བཤད། 
  བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་གཞི་གྲངས་ལས་མངོན་པ་ལྟར་ན། བོད་ལྗོངས་ཀྱི་གཞུང་ལམ་སྤྱིའི་ལམ་ཐག2012ལོའི་ལོ་མཇུག་གི་སྤྱི་ལེ་ཁྲི6.52ནས་མིག་སྔའི་སྤྱི་ལེ་ཁྲི12ལྷག་བར་ཇེ་མང་དུ་ཕྱིན་ཡོད་ལ། དེའི་ནང་ཞིང་སྡེའི་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་ཁྲི5.32ནས་སྤྱི་ལེ་ཁྲི9ལྷག་བར་ཇེ་མང་དུ་ཕྱིན་ཡོད། ལྗོངས་ཡོངས་ཀྱི་རྫོོང་དང་ཆུས་ཚང་མ་དང་ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ501དང་སྒྲིག་གཞི་ཚང་བའི་གྲོང་ཚོ2295ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཡོད། །
རྩོམ་སྒྲིག་པ། བདེ་སྒྲོན།
འབྲེལ་ཡོད་རྩོམ་ཡིག