ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཅང་ཤིས་རུའེ་ཅིན་གྱིས་ལམ་སྲོལ་གསར་གཏོད་བྱས་ནས་གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱས་པ།

2024-04-08
—— གསར་བརྗེའི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་པ།
  འདི་ནི་ཅང་ཤིས་རུའེ་ཅིན་གྲོང་ཁྱེར་དུ་གནས་པའི་ཡེ་ཕིང་གསར་བརྗེའི་གནས་རྙིང་ཡིན་པ།
  ཅང་ཤིས་རུའེ་ཅིན་གྱི་ཀྲུང་དབྱང་གསར་བརྗེའི་རྟེན་གཞིའི་དྲན་གསོ་ཁང(གཤམ་དུ“དྲན་གསོ་ཁང”ཞེས་བསྡུ་རྒྱུ)མདུན་གྱི་ཐང་ཆེན་དུ་ལངས་ཚེ། ཐག་མི་རིང་བའི་སར་གནས་པའི་བརྗིད་ཉམས་ལྡན་པའི་འཛེང་རྡོའི་འབུར་བརྐོས་གྱང་མིག་ལམ་དུ་འཆར་ཞིང་། གྱང་གི་རྩེ་མོར“མི་དམངས་སྤྱི་མཐུན་རྒྱལ་ཁབ་འདི་ནས་བྱུང་བ”ཞེས་པའི་ཡི་གེ་ཆེན་པོ་འགའ་འཁོད་འདུག
  1931ལོར་ཀྲུང་ཧྭ་སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་ཀྱི་གནས་སྐབས་ཀྲུང་དབྱང་སྲིད་གཞུང་ཅང་ཤིས་རུའེ་ཅིན་དུ་བཙུགས། ཟིལ་རླབས་དགུང་འཕྱུར་གྱི་ལོ་ཟླའི་ནང་རུའེ་ཅིན་དུ་གསར་བརྗེའི་གནས་རྙིང་མི་ཉུང་བ་ཞིག་བཞག་ཡོད་པ་དང་། དེ་དག་གིས་ཀྲུང་གོ་གུང་ཁྲན་ཏང་གི་དཀའ་སྤྱད་འབད་འཐབ་ཀྱི་ལོ་རྒྱུས་ཀྱི་དཔང་པོ་བྱས་ཡོད་པས། དེ་ནི་ང་ཚོས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་བསམ་པའི་སྟོབས་ཤུགས་བསྡུ་ལེན་གྱི་རྩ་ཆེའི་རྒྱུ་ནོར་ཞིག་རེད།
  ཉེ་བའི་ལོ་ཤས་རིང་། རུའེ་ཅིན་གྲོང་ཁྱེར་གྱིས་ལམ་སྲོལ་གསར་གཏོད་བྱས་ནས་གསར་བརྗེའི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་། གསར་བརྗེའི་ཐོན་ཁུངས་དག་འཕེལ་རྒྱས་ཀྱི་འགུལ་ནུས་སུ་བསྒྱུར་བར་འཚོལ་ཞིབ་ཧུར་ཐག་བྱས་ཏེ་གསར་བརྗེའི་རིག་དངོས་བེད་སྤྱོད་ཡག་པོ་དང་། གསར་བརྗེའི་སྲོལ་རྒྱུན་དར་སྤེལ་ཡག་པོ། གསར་བརྗེའི་རིག་གནས་རྒྱུན་འཛིན་ཡག་པོ་བཅས་བྱས་ཡོད།
  དོ་དམ་ལས་ཚབ་པ་དང་ལྟ་སྲུང་བ་བཀོད་སྒྲིག་བྱས་ནས་སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་པ།
  རུའེ་ཅིན་ཧྲ་ཀྲོའུ་པ་གྲོང་རྡལ་ཆི་པའོ་གྲོང་ཚོའི་གྲོང་མི་ལིའུ་ཧྥུའུ་མིང་གིས་ཞོགས་པ་སྔ་པོ་ནས་ཕྱིར་ལས་ཀར་མ་འགྲོ་གོང་བྲེལ་འཚུབ་ཆེན་པོས་སྔོན་ལ་ཀྲུང་དབྱང་མལ་ཆས་གྱོན་གོས་བཟོ་གྲྭའི་གནས་རྙིང་ལ་ལྟ་བར་བསྐྱོད།
  2017ལོ་ནས་བཟུང་ལིའུ་ཧྥུའུ་མིང་གིས་སྐར་མ་15སྔོན་ལ་ལངས་ཀྱི་ཡོད། ལོ་དེར་དྲན་གསོ་ཁང་གིས་ལིའུ་ཧྥུའུ་མིང་ཀྲུང་དབྱང་མལ་ཆས་གྱོན་གོས་བཟོ་གྲྭའི་གནས་རྙིང་གི་དོ་དམ་ལས་ཚབ་པར་གདན་དྲངས། དུས་དེ་ནས་བཟུང་ཁོང་གིས་ཉིན་ལྟར་ཞོགས་པ་སྔ་པོ་ནས་གནས་རྙིང་ལ་སྐོར་ཞིབ་བྱེད་པར་འགྲོ་དགོས་པ་དང་། ས་སྲོས་མཚམས་སུ་ལས་ཀ་ཚར་རྗེས་སླར་ཡང་སྐོར་ཞིབ་བྱེད་པར་འགྲོ་དགོས་ཀྱི་ཡོད། “ངའི་ཕ་མ་གཉིས་གནས་རྙིང་གི་ཉེ་འགྲམ་དུ་སྡོད་ཀྱི་ཡོད་པས་ཉིན་མོ་ཡང་དེ་གར་ལྟ་བར་འགྲོ་བ་དང་གཙང་སྦྲ་བྱེད་ཀྱི་ཡོད”ཅེས་ལིའུ་ཧྥུའུ་མིང་གིས་བཤད།
  དྲན་གསོ་ཁང་གིས་ས་གནས་དེ་གའི་གསར་བརྗེའི་བཞུགས་གནས་རྙིང་པ་དང་གསར་བརྗེའི་རིག་དངོས་ཡོད་ཚད་ལ་དོ་དམ་བྱེད་འགན་འཁུར་གྱི་ཡོད། ཀོན་ཀྲང་དབྱང་ལི་ཧྲན་གྱིས་རུའེ་ཅིན་དུ་ད་ཆ་གསར་བརྗེའི་གནས་རྙིང་ཁག་127ཡོད་པའི་ནང་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་4ཡི་ས་ཚིགས་37དང་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་22ཚང་མར་མ་དངུལ་དང་མི་སྣའི་འགན་ལེན་བརྟན་པོ་ཡོད་ཅེས་ངོ་སྤྲོད་བྱས། “དེ་བྱིངས་ཀྱི་གནས་རྙིང་མང་ཆེ་བར་འགན་ལེན་མ་དངུལ་ལྟོས་བཅས་ཀྱིས་ཁ་ཐང་བ་མ་ཟད། དེ་དག་ཤང་དང་གྲོང་རྡལ་15རུ་གནས་པས་གནས་ཡུལ་ཁ་ཐོར་ཡིན་པ་དང་། རྒྱུན་གཏན་གྱི་དོ་དམ་བྱེད་དཀའ་བ། དྲན་གསོ་ཁང་རང་ངོས་ཀྱི་སྟོབས་ཤུགས་ལ་བརྟེན་དགོས་པ་བཅས་ཀྱིས་རྐྱེན་པས་གནས་རྙིང་ཚང་མར་ཆེད་བསྐོས་མི་སྣས་དོ་དམ་བྱེད་ཐབས་བྲལ”ཞེས་དབྱང་ལི་ཧྲན་གྱིས་བཤད།
  འོ་ན་ཇི་ལྟར་དོ་དམ་བྱེད་དགོས་ཞེ་ན། གནས་རྙིང་དེ་དག་ལ་དམིགས་ཏེ་2017ལོར་དྲན་གསོ་ཁང་གིས་གནས་རྙིང་དོ་དམ་ལས་ཚབ་པའི་ལམ་ལུགས་བཙུགས་ནས། གནས་རྙིང་གི་བདག་དབང་འཛིན་མཁན་ནམ་ཡང་ན་གནས་རྙིང་གི་ཉེ་འགྲམ་དུ་འགན་འཁྲི་འཁུར་སེམས་ཆེ་བའི་གྲོང་མི་རྒྱུན་གཏན་གྱི་སྐོར་ཞིབ་པར་གདན་དྲངས་ཏེ། གནད་དོན་ཤེས་རྟོགས་ཐུབ་ཚེ་དུས་ཐོག་ཏུ་གོང་ཞུ་བྱེད་དུ་བཅུག གནས་རྙིང་གི་རྒྱ་ཁྱོན་ལ་གཞིགས་ནས་དྲན་གསོ་ཁང་གིས་ཟླ་རེར་དོ་དམ་ལས་ཚབ་པར་སྒོར་300ནས་1200བར་གྱི་གླ་ཆ་སྤྲོད་ཀྱི་ཡོད་པ་དང་། དྲན་གསོ་ཁང་གི་ལས་དོན་པས་ཟླ་རེར་སྐོར་ཞིབ་ཐེངས་གཉིས་བྱེད་དགོས་ཀྱི་ཡོད། ད་ཆ་རུའེ་ཅིན་དུ་དོ་དམ་ལས་ཚབ་པ་45ཡིས་གསར་བརྗེའི་གནས་རྙིང་68ཀྱི་རྒྱུན་གཏན་གྱི་སྐོར་གཡེང་འགན་འཁུར་གྱི་ཡོད།
  ས་ཁོངས་ཧྲིལ་པོར་སྲུང་སྐྱོང་དང་། ཁྱོན་ཡོངས་ནས་སྲུང་སྐྱོང་། དམངས་ཡོངས་ཀྱིས་སྲུང་སྐྱོང་བཅས་བྱེད་པའི་དོ་དམ་ལས་ཚབ་པའི་ལམ་ལུགས་ནི་རུའེ་ཅིན་གྱིས་གསར་བརྗེའི་རིག་དངོས་སྲུང་སྐྱོང་ལམ་སྲོལ་རྒྱུན་མཐུད་ངང་གསར་གཏོད་བྱས་པའི་བསྡུས་རིས་ཤིག་རེད། 1993ལོར་རུའེ་ཅིན་གྱིས“རྩ་བ་ཁུངས་འདེད”ཀྱི་བྱེད་སྒོ་སྤེལ་བ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་54ཡིས་རུའེ་ཅིན་ནས་རང་ལས་ཁུངས་ཀྱི“འབྱུང་ཁུངས”རྙེད་པར་མ་ཟད། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཡང་བཙུགས་པ་རེད། རུའེ་ཅིན་གྱིས་ད་དུང“རིག་དངོས་ལ་ངོས་འཛིན་དང་སྲུང་སྐྱོང”གི་བྱེད་སྒོ་སྤེལ་ཞིང་། མིག་སྔར་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཁྲི་1.5དང་། མཐོ་སློབ་100ལྷག་ཙམ། གྲོང་མི་ཁྲི་1.2 ཚན་པ་67བཅས་ཀྱིས་ཞལ་འདེབས་ཕུལ་བ་སོགས་ཀྱི་རྣམ་པའི་ཐོག་ནས་གསར་བརྗེའི་གནས་རྙིང་དང་ཉར་ཚགས་རིག་དངོས་400ལྷག་ཙམ་ལ་ངོས་འཛིན་དང་སྲུང་སྐྱོང་བྱས་པ་རེད།
  འགྲེམས་སྟོན་དང་བཤམས་སྟོན་གྱི་འགྲེལ་བཤད་ལ་བརྩོན་ཞིབ་བྱས་ནས་འགྲེམས་ཁང་དང་སློབ་གྲྭའི་དབར་གྱི་མཉམ་ལས་ལ་སྐུལ་འདེད་བཏང་བ།
  བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཁང་དང་དེ་བཞིན“སྐེ་དར་དམར་པོའི་འགྲེལ་བཤད་པ”དེ་ཧྭ་རུང་རུའེ་ཅིན་ཕུགས་རེའི་སློབ་ཆུང་གི་ཁྱད་ཆོས་སུ་གྱུར་ཡོད། “2021ལོར་དྲན་གསོ་ཁང་དང་སློབ་གྲྭས་སློབ་མའི་ཁྱད་ཆོས་ལ་དམིགས་ནས་སུའུ་ཁུལ་སྙིང་སྟོབས་མཚོན་པའི་འགྲེམས་སྟོན་ཞིག་མཉམ་དུ་བཏོད་ཡོད” ཧྭ་རུང་རུའེ་ཅིན་ཕུགས་རེའི་སློབ་ཆུང་གི་སློབ་སྤྱི་ཞུང་མིན་གྱིས་ངོ་སྤྲོད་བྱས་པར། 2022ལོའི་ཟླ་2པར་དྲན་གསོ་ཁང་གིས་སླར་ཡང་སློབ་གྲྭ་དང་མཉམ་དུ“ཆུ་ཚོད་བཞི་དང་ཕྱེད་ཀའི”གསར་བརྗེའི་སློབ་ཁང་བཏོད་དེ་ཆེད་ལས་ཀྱི་འགྲེལ་བཤད་པས“སྐེ་དར་དམར་པོའི་འགྲེལ་བཤད་པར”སློབ་ཚན་ཁྲིད་ཡོད། “སློབ་གྲྭས་ལོ་རིམ་གཉིས་པ་ནས་ལོ་རིམ་ལྔ་པའི་བར་གྱི་སློབ་མ་40ལྷག་ཙམ་བདམས་ནས་འགྲེལ་བཤད་གསོ་སྦྱོང་ལ་ཞུགས་སུ་བཅུག་པ་དང་སློབ་གྲོགས་ཚོས་ཀྱང་མིང་ཐོ་ཧུར་ཐག་འགོད་ཀྱི་ཡོད། ང་ཚོས་ཕྲུ་གུ་ཚོའི་ལོ་ཚད་དང་ཁྱད་ཆོས་དང་འཚམ་པའི་ནང་དོན་བཀོད་སྒྲིག་བྱས་ཡོད། དུས་ཆེན་དང་ངལ་གསོའི་ཉིན་མོར་རུའེ་ཅིན་གྲོང་ཁྱེར་གྱི་གསར་བརྗེའི་གནས་རྙིང་དུ‘སྐེ་དར་དམར་པོའི་འགྲེལ་བཤད་པས’ལྟད་མོ་བར་འགྲེལ་བཤད་རྒྱག་གི་ཡོད”ཅེས་འགྲེལ་བཤད་པ་ཀྲུང་ཅི་ལིང་གིས་བཤད།
  ངོ་སྤྲོད་བྱས་པར་གཞིགས་ན། དྲན་གསོ་ཁང་གིས་རུའེ་ཅིན་གྲོང་ཁྱེར་གྲོང་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་ཚང་མར་འགྲེམས་ཁང་དང་སློབ་གྲྭའི་མཉམ་ལས་ལམ་སྲོལ་བཙུགས་པ་མ་ཟད། འགྲེལ་བཤད་པ་ཤང་དང་གྲོང་རྡལ་གྱི་སློབ་གྲྭ་འབྲིང་ཆུང་དུ་སློབ་ཚན་འཁྲིད་པའམ་ཡང་ན་བྱེད་སྒོ་སྤེལ་བར་གཏོང་གི་ཡོད། གཞན་ཡང་། དྲན་གསོ་ཁང་དང་ཀན་ནན་དགེ་འོས་སློབ་ཆེན་སོགས་མཐོ་སློབ་6གིས་ཞིབ་འཇུག་བྱ་གཞི་བཟོས་ནས་མཉམ་དུ་ཞིབ་འཇུག་བྱས་པ་དང་སློབ་གྲྭ་100ལྷག་ཙམ་གྱིས་དྲན་གསོ་ཁང་དུ་ལག་ལེན་རྟེན་གཞི་བཙུགས་ཡོད།
  ནུས་པ་དེ་བས་ལེགས་པ་འདོན་ཆེད། དྲན་གསོ་ཁང་གིས་རིགས་གཅིག་མཁས་ཅན་དང་མཉམ་འབྲེལ་བྱས་ནས་འགྲེམས་སྟོན་གྱི་ནང་དོན་གསར་བརྗེས་དང་གྲངས་གཞིའི་ལག་རྩལ་སྤྱད་དེ་ལྟད་མོ་བ་དང་ལྷག་པར་དུ་སློབ་མའི་ཡིད་དབང་འགུག་ཤུགས་ཆེ་རུ་བཏང་ཡོད།
  གསར་བརྗེའི་གཡུལ་ས་ཡག་པོ་བསྐྲུན་ནས་གྲོང་གསེབ་འཕེལ་རྒྱལ་ལ་སྐུལ་ཁྲིད་བྱས་པ།
  ཡེ་ཕིང་གྲོང་རྡལ་ཀྲུའུ་ཧྥང་གྲོང་ཚོར་ཀྲུང་དབྱང་གསར་བརྗེའི་སྨན་ཁང་དང་སུའུ་ཝེ་ཨེད་ཀྲུང་དབྱང་སྲིད་གཞུང་འཕྲོད་བསྟེན་དོ་དམ་ཅུས་སོགས་གསར་བརྗེའི་གནས་རྙིང་ཡོད་པར་བརྟེན་ཉེ་བའི་ལོ་ཤས་རིང་དེ་གར་གསར་བརྗེའི་ཡུལ་སྐོར་གྱི་ཚ་རླབས་རྒྱུན་མཐུད་ངང་འཕྱུར་བཞིན་ཡོད།
  གསར་བརྗེའི་ཐོན་ཁུངས་ཀྱིས་གྲོང་གསེབ་འཕེལ་རྒྱས་ལ་གསོན་ཤུགས་སྦྱིན་ཞིང་། 2022ལོར་ཡེ་ཕིང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ལིན་གྱིས་སྔ་རྗེས་སུ་རུ་སྣེ་ཁྲིད་ནས་ཅིང་ཀང་རི་བོར་ཉམས་མྱོང་སློབ་སྦྱོང་ཐེངས་4བྱེད་པར་བསྐྱོད་ནས་མཉམ་ལས་ལ་གྲོས་མོལ་བྱས་པ་དང་འབྲེལ། ཅིང་ཀང་རི་བོ་ནས་གདན་དྲངས་པའི་མཉམ་ལས་ཕྱོགས་དང་ས་གནས་དེ་གའི་གཞུང་ཁོངས་ཁེ་ལས་དབར་མཉམ་འབྲེལ་ཐོག་རུའེ་ཅིན་གྲོང་ཁྱེར་ཁྲུའུ་ཤིན་ཡོན་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་ཏེ“ཀུང་སི་དང་། རྟེན་གཞི། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་གསར་སྤེལ་དང་གཉེར་སྐྱོང་བྱས་པ་རེད།
  ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཀྲུའུ་ཧྥང་གྲོང་ཚོས་ཞིབ་སློབ་པ་མི་ཐེངས་ཁྲི་2ཙམ་ལ་སྣེ་ལེན་ཞུས་པ་དང་རིགས་ཁག་གི་ལས་རིགས་ཀྱིས་གྲོང་ཚོ་དེ་གའི་མི་60ལྷག་ཙམ་གྱི་ལས་ཞུགས་ལ་སྐུལ་ཁྲིད་བྱས་པས་གྲོང་ཚོ་དེ་ཡོངས་ཀྱི་ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ཙམ་འཕར་ཡོད།
  2020ལོ་ནས་བཟུང་། རུའེ་ཅིན་གྱིས་གསར་བརྗེའི་གནས་རྙིང་གལ་ཆེན་ཡོད་པ་དང་། ཏང་གི་ལོ་རྒྱུས་དོན་རྐྱེན་གལ་ཆེན་ཐོན་པ། ཏང་གི་ལོ་རྒྱུས་མི་སྣ་གལ་ཆེན་གྱིས་མཛད་རྗེས་འཇོག་མྱོང་ཡོད་པ་བཅས་ཀྱི་གྲོང་ཚོ་51བདམས་ཏེ་གསར་བརྗེའི་གྲོང་ཚོ་གྲགས་ཅན་དུ་བཏོད་པ་དང་གསར་བརྗེའི་གཡུལ་ས་ཡག་པོ་ཞིག་ཏུ་བསྐྲུན་ཡོད། དེ་དང་ཆབས་ཅིག གསར་བརྗེའི་ཡུལ་སྐོར་ཞིབ་སློབ་ཀྱི་ལམ་ཐིག་རྩེ་གྲ་བཏོད་དེ། མཉམ་འདུས་ཀྱི་ཕན་འབྲས་ཐོན་པ་བྱས་ནས་ཁྱད་ལྡན་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགྲོ་མགྱོགས་སུ་བཏང་ཡོད། མིག་སྔར་རུའེ་ཅིན་དུ་རྒྱལ་ཡོངས་ཀྱི་གསར་བརྗེའི་མཛེས་སྡུག་ལྡན་པའི་གྲོང་ཚོ་འཛུགས་སྐྲུན་གྱི་ཚོད་ལྟའི་གྲོང་ཚོ་11དང་། ཞིང་ཆེན་རིམ་པའི་གསར་བརྗེའི་གྲགས་ཅན་གྲོང་ཚོ་3 ཀན་ཀྲོའུ་གྲོང་ཁྱེར་རིམ་པའི་གསར་བརྗེའི་གྲོང་ཚོ་གྲགས་ཅན11བཅས་བསྐྲུན་ཡོད་པ་རེད། 2023ལོར་གསར་བརྗེའི་གྲགས་ཅན་གྲོང་ཚོ་51གིས་ཡུལ་སྐོར་བ་མི་ཐེངས་ཁྲི་200ཙམ་ལ་སྣེ་ལེན་ཞུས་ཡོད།
འབྲེལ་ཡོད་རྩོམ་ཡིག