ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

གྲོས་ཆོད་ནང་དབྱི་སི་རལ་ལ“འགན་འཁྲི་རྩད་གཅོད”བྱེད་དགོས་པ་བཏོན།

2024-04-08
        ཚེས5ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱས་ནས་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་བཟོ་སྲིད་པའི“དམག་འཁྲུག་གི་ཉེས་པ”དང“མིའི་རིགས་ལ་གནོད་འཚེ་གཏོང་བའི་ཉེས་པར”འགན་འཁུར་དགོས་པའི་བླང་བྱ་བཏོན་པ་དང་འབྲེལ་རྒྱལ་ཁབ་ཁག་གིས་དབྱི་སི་རལ་ལ་མཚོན་ཆ་མཁོ་འདོན་བྱེད་མཚམས་འཇོག་རྒྱུའི་རེ་འབོད་ཀྱང་བྱས་པ་རེད།
       གྲོས་ཆོད་འདི་ནི་ཕ་ཁི་སི་ཐན་གྱིས་ཨར་པ་ཉི་ཡ་ཕུད་པའི་དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་དག་གི་ཚབ་བྱས་ནས་ཡར་ཕུལ་ཡོད། འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ47ནང་རྒྱལ་ཁབ28ཀྱིས་མོས་མཐུན་འདེམས་ཤོག་འཕངས་པ་དང་རྒྱལ་ཁབ6གིས་ངོ་རྒོལ་བྱས་པ། རྒྱལ་ཁབ13གྱིས་འདེམས་ཤོག་འཕེན་དབང་དོར་ཡོད། ཀྲུང་གོས་མོས་མཐུན་ཡོད་པའི་འདེམས་ཤོག་འཕངས་ཡོད་ལ་ཨ་རི་དང་འཇར་མན་སོགས་ཀྱིས་མོས་མཐུན་མེད་པའི་འདེམས་ཤོག་འཕངས་ཡོད།
       གྲོས་ཆོད་ནང་ནན་བཤད་བྱས་དོན། ཅ་ཧྲ་ས་ཁུལ་གྱི་མི་སེར་ལ་གནོད་འཚེ་ཉུང་དུ་གཏོང་བའི་ཐད་དབྱི་སི་རལ་གྱིས་ལས་དོན་བསྒྲུབ་རྒྱུ་མི་འདང་བས་ངེས་པར་དུ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བཅའ་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ཚང་མར་འགན་འཁྲི་བདའ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས། གྲོས་ཆོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་གནོད་འཚེ་ཚབས་ཆེན་གཏོང་བ་དང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལ་ཚབས་ཆེན་འགལ་བའི་བྱེད་སྤྱོད་སྐོར་གྱི་འབྲེལ་ཡོད་སྙན་ཞུར་དོ་ཁུར་བྱེད། དེའི་ནང་ཕ་ཁི་སི་ཐན་གྱི་བཙན་བཟུང་མངའ་ཁོངས་སུ་འབྱུང་སྲིད་པའི“དམག་འཁྲུག་གི་ཉེས་པ”དང“མིའི་རིགས་ལ་གནོད་འཚེ་གཏོང་བའི་ཉེས་པ”ཚུད་ཡོད་ཅེས་འཁོད་ཡོད། གྲོས་ཆོད་ནང་རྒྱལ་ཁབ་ཁག་གིས“དབྱི་སི་རལ་ལ་མཚོན་ཆ་དང་རྫས་མདེལ། དམག་དོན་སྒྲིག་ཆས་གཞན་དག་བཅས་འཚོང་བ་དང་། ནང་བཤུག གཞན་སྒྱུར་བཅས་བྱེད་མཚམས་འཇོག་པའི”རེ་འབོད་བྱས་པ་རེད།
       གྲོས་ཆོད་ནང་ཅ་ཧྲ་རྒྱུད་དུ“འཕྲལ་མར་དམག་མཚམས་འཇོག་པ”དང“འཕྲལ་མར་ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་ཆོག་འཐུས་དང་རོགས་སྐྱོར་མཁོ་འདོན་བྱེད་དགོས”ཞེས་རེ་འབོད་བྱས་པ་རེད།
       ཚེས5ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས55པ་སུའེ་ཙེར་གྱི་རི་ནེ་ཝར་གྲོལ་བ་རེད།
རྩོམ་སྒྲིག་པ། མང་ག་མཚོ།
འབྲེལ་ཡོད་རྩོམ་ཡིག