ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

དྭངས་གསལ་དུས་ཆེན་གྱི་གུང་གསེང་རིང་བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི65.36སྣེ་ལེན་བྱས།

2024-04-09
            རིག་གནས་ཡུལ་སྐོར་པུའུ་ཡི་གཞི་གྲངས་ལྟེ་གནས་སུ་ཚད་ལེན་ཞིབ་རྩིས་བྱས་པ་ལྟར་ན། 2024ལོའི་དྭངས་གསལ་དུས་ཆེན་གྱི་གུང་གསེང་རིང་རྒྱལ་ཡོངས་ཀྱི་རྒྱལ་ནང་ཡུལ་སྐོར་མི་ཐེངས་དུང་ཕྱུར1.19སླེབས་པ་དང་། བསྡུར་གཞི་ཡོད་པའི་ཁ་ཚད་ལྟར་ན2019ལོའི་དུས་མཉམ་ལས11.5%འཕར་ཡོད། བོད་ལྗོངས་ཀྱིས་དཔྱིད་གསར་དུས་ཆེན་རྗེས་ཀྱི་གུང་གསེང་ཐུང་ངུར་ཡུལ་སྐོར་གྱི་ཚོང་ཁ་རྒྱུག་པའི་དུས་སྐབས་བསུས་ཡོད། ཤེས་གསལ་བྱུང་བ་ལྟར་ན། དྭངས་གསལ་དུས་ཆེན་གྱི་གུང་གསེང་རིང་བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི65.36སྣེ་ལེན་བྱསཔ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར2.43མངོན་འགྱུར་བྱུང་ཡོད།
            ཟླ3པའི་ཟླ་སྨད་ནས་བཟུང་། གསར་འགོད་པ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་བརྒྱུད་ནས་འགྲོ་སྐབས་ཡུལ་སྐོར་བ་དང་ཡུལ་སྐོར་ཚོགས་པ་འབོར་ཆེན་ལྕགས་པོ་རིའི་ལྗོངས་གཟིགས་སྟེགས་བུའི་འོག་འདུ་འཛོམས་དང་གྲལ་སྒྲིག་པ་མཐོང་ཐུབ། དྭངས་གསལ་དུས་ཆེན་གྱི་གུང་གསེང་རིང་། གསར་འགོད་པ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཡོང་ནས་ཡུལ་དངོས་བཅར་འདྲི་བྱས་པའི་ཚེ། ཐང་ཆེན་དུ་བོད་ལྭ་གྱོན་ནས་པར་ལེན་པའི་ཡུལ་སྐོར་བ་གང་སར་མཐོང་འདུག“ལྷ་ས་འདི་བློ་ཡིད་ལ་འཆར་བ་དང་གཏན་ནས་མི་འདྲ་བ་ཞིག་ཡིན་ལ། འདི་གའི་དཔྱིད་ཀ་ཧ་ཅང་དྲོན་པོ་ཡིན་པ་དང་སྔོ་ཁེབས་ཁྱབ་ཚད་ཀྱང་ཧ་ཅང་ཆེ”ཞེས་ཀོང་ཏུང་ནས་ཡོང་བའི་ཡུལ་སྐོར་བ་ཁྲིན་གྱིས་བཤད། 
            གསར་འགོད་པས་ཞའེ་ཁྲིན་སྡེ་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་དཔྱིད་དུས་སུ་རྒྱལ་ནང་དུ་མེ་ཏོག་ལ་བལྟ་བའི་ཡུལ་སྐོར་དམིགས་ཡུལ་ཚ་ཤོས་ནང་ཝུའུ་ཧན་དང་ལྷ་ས། ཝུའུ་ཞིས། དབྱང་ཀྲོའུ། ཁུན་མོང་། ལའོ་དབྱང་། ཧོང་ཧྲན། ནན་ཅིན། དབྱི་ལི། ཁའོ་ཧྲི་བཅས་ཡོད་ལ། ཟླ3པ་ནས་བཟུང་རླངས་འཁོར་བོགས་གཏོང་གི་མངག་ཐོའི་ཚད་དུས་མཉམ་ལས་ལྡབ5ཙམ་འཕར་ཡོད།“ལྷ་ས་དང་བར་སྐོར། ཉིང་ཁྲིའི་ཀ་ལ་གྲོང་ཚོ། ཟུར་གསུམ་གྲོང་ཚོ། བྲག་གསུམ་མཚོ”ལམ་ཐིག་འདི་བོད་ལྗོངས་ཀྱི་སྒེར་འཁོར་སྐོར་བའི་ཡུལ་སྐོར་ལམ་ཐིག་ཚ་ཤོས་སུ་གྱུར་ཡོད།“དེང་སང་ཡུལ་སྐོར་བ་མང་པོ་ཞིག་གིས་དགའ་སྤྲོའི་ངང་རོལ་རྩེད་བྱ་ཆེད། བོད་ལྗོངས་སུ་འབྱོར་རྗེས་རླངས་འཁོར་བོགས་གཏོང་བྱས་ནས་སྒེར་འཁོར་སྐོར་བའི་ཡུལ་སྐོར་བྱེད་སྟངས་གདམ་ག་བྱེད་བཞིན་ཡོད”ཅེས་བོད་ལྗོངས་ཆན་ཞོན་སྐྱེལ་འདྲེན་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར་བཤད།“དྭངས་གསལ་དུས་ཆེན་གྱི་གུང་གསེང་རིང་རླངས་འཁོར་བོགས་གཏོང་གི་ཡུལ་སྐོར་བ་མང་ཤོས་ཁམ་བུའི་མེ་ཏོག་དུས་ཆེན་དམིགས་ནས་ཡོང་བ་ཡིན་ལ། བསྡོམས་འབོར་གྱི80%ཙམ་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ལ་བལྟ་རུ་འགྲོ་བཞིན་ཡོད། ཞའེ་ཁྲིན་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་དྭངས་གསལ་དུས་ཆེན་གྱི་གུང་གསེང་རིང་ཉིང་ཁྲིར་སྐྱོད་པའི་ཡུལ་སྐོར་མངག་ཐོའི་ཚད་དུས་མཉམ་ལས76%འཕར་ཡོད།
            རྒྱུས་ལོན་བྱུང་བ་ལྟར་ན། ཡུལ་སྐོར་གྱི་ཚོང་ཁ་རྒྱུག་པའི་དུས་ཚིགས་དང་དྭངས་གསལ་དུས་ཆེན་གྱི་གུང་གསེང་ལ་བསུ་མ་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གཅིག་པ་བསྡུས་པ་མ་ཟད། ཁམ་བུའི་མེ་ཏོག་དུས་ཆེན་གྱི་སྐབས་སུ“བདེ་སྐྱིད་ཀྱི་ཉིང་ཁྲི། འཚོ་བ་ལོངས་སྤྱོད”ཅེས་པའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་སྤེལ་བ། ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སྙེའུ་ཤང་གི་ཁམ་བུའི་མེ་ཏོག་དུས་ཆེན་སྐབས་དགུ་བའང་དྭངས་གསལ་དུས་ཆེན་གྱི་གུང་གསེང་རིང་གཟབ་རྒྱས་ངང་མགོ་ཚུགས་པས་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་བཀུགས་ཡོད། དེ་དང་ཆབས་ཅིག ལྷ་སའི་མེ་ཏོག་ལ་བལྟ་ཡུལ་ཚ་ཤོས་མང་པོ་ཞིག་དྲ་རྒྱར་སྐད་གྲགས་ཆོད་ནས་ཡུལ་སྐོར་བ་འབོར་ཆེན་སྣེ་ལེན་བྱས་ཡོད།
            ན་ནིང་དྲ་རྒྱ་ཡོངས་སུ་སྐད་གྲགས་ཆོད་པའི་ཙི་པོའི་བསྲེགས་ཟས་དང་ཧཱ་ཨར་པིན་གྱི་གངས་འཁྱགས་ཡུལ་སྐོར་སོགས་ཀྱིས་ས་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་གོ་སྐབས་གསར་བ་དང་འགྲན་སློང་གསར་བ་བསྐྱལ་ཡོང་ཡོད། དཔྱིད་དུས་ཀྱི་བོད་ལྗོངས་སུ་ཁམ་བུའི་མེ་ཏོག་རྣམ་པར་བཞད་ཡོད་པས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུགས་ཡོད། དྭངས་གསལ་དུས་ཆེན་གྱི་གུང་གསེང་མཇུག་སྒྲིལ་ནའང་མཐོ་སྒང་དུ་མེ་ཏོལ་ལ་བལྟ་བའི་ཚ་ཤོས་སྔར་བཞིན་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། མེ་ཏོག་ལ་བལྟ་བ་ཡིས་བོད་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་རར་གསོན་ཤུགས་གསར་བ་བསྐྱལ་ཡོང་བ་དང་ཆབས་ཅིག བོད་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་རའི་འཛད་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་ཡོད་པ་དང་། བོད་ལྗོངས་ཀྱིས་ཁྱད་པར་ཅན་གྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་རྫས་བསྐྲུན་པར་བསམ་ཕྱོགས་གསར་བ་དང་ཁ་ཕྱོགས་གསར་བ་མཁོ་འདོན་བྱས་ཡོད།
རྩོམ་སྒྲིག་པ། རིག་གྲོལ།
འབྲེལ་ཡོད་རྩོམ་ཡིག