ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

དཔྱིད་དུས་ལས་གནས་མཁོ་འདོན་བྱས། ཤེས་ལྡན་མི་སྣ་བོད་དུ་འཛོམས།

2024-04-12
བོད་ལྗོངས་ཀྱི་སློབ་གྲྭ་ཆེན་མོ་བའི་2024ལོའི་དཔྱིད་དུས་ཀྱི་ལས་ཞུགས་ལས་གཏོད་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བའི་ཟུར་བཀོད།
འདི་ནི་སློབ་མས་ལས་ཞུགས་ཆ་འཕྲིན་ལ་ལྟ་བཞིན་པ།
  ལས་ཞུགས་ནི་སློབ་མ་མང་པོ་སྤྱི་ཚོགས་སུ་བསྐྱོད་པའི་གོམ་པ་དང་པོ་དེ་རེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཞུགས་བརྟན་པོ་དང་དམངས་འཚོ་འགན་ལེན་གྱི་ལས་དོན་བཀོད་སྒྲིག་སྔར་བས་དོན་འཁྱོལ་ཡག་པོ་བྱས་ནས། གཙོ་གནད་ཚོགས་སྤྱི་དང་ལྷག་པར་དུ་མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་ཆེད། ལྗོངས་མི་སྤྱི་ཐིང་གིས་ཁྲེང་ཏུར་བཅའ་སྡོད་རང་སྐྱོང་ལྗོངས་སྲིད་གཞུང་དོན་གཅོད་ཁྲུའུ་དང་། ལྷོ་ནུབ་མི་རིགས་སློབ་ཆེན། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས། ལྷོ་ཁ་གྲོང་ཁྱེར་མི་སྤྱི་ཅུས་བཅས་དང་མཉམ་དུ་ཆེད་དོན་ཚན་ཁག་བཙུགས་ཏེ་ཟླ་4ཚེས་8དང་ཚེས་9ཉིན་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་བསྐྱོད་དེ། ལྷོ་ནུབ་མི་རིགས་སློབ་ཆེན་ཝུའུ་ཧོའུ་སློབ་ཁུལ་དུ“དཔྱིད་དུས་ལས་གནས་མཁོ་འདོན་བྱེད། ཤེས་ལྡན་མི་སྣ་བོད་དུ་འཛོམས”2024ལོའི་དཔྱིད་དུས་ཀྱི་ལས་ཞུགས་ལས་གཏོད་ཀྱི་བྱེད་སྒོ་རབ་དང་རིམ་པ(ཁྲེང་ཏུར་ཆེད་གཉེར)གཉེར་ནས། མཐོ་སློབ་སློབ་ཐོན་སློབ་མར་དེ་བས་གནད་སྨིན་གྱི་ལས་རིགས་མཛུབ་ཁྲིད་བྱས་ཏེ། ཁོང་ཚོའི་ལས་ཞུགས་འདུ་ཤེས་སྔར་བས་འགྱུར་ལྡོག་གཏོང་བ་དང་ལས་ཞུགས་བསམ་ཕྱོགས་གསལ་པོ་བཟོ་བར་རོགས་རམ་བྱས་ནས། མཐོ་སློབ་སློབ་ཐོན་སློབ་མར་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་བཏང་བ་རེད།
  “ཀོག་ཧྥེ་འཐུང་རྒྱུར་ཧ་ཅང་དགའ་པོ་ཡོད་པས་2019ལོ་སྟེ་སློབ་གྲྭ་ཐོན་པའི་ལོ་གཉིས་པར་ངས་ལས་གཏོད་བྱེད་འགོ་བཙུགས་ནས་རང་ཉིད་ཀྱི་ཀོག་ཧྥེ་ཚོང་རྟགས‘ཤེས་མཛེས’གཉེར་སྐྱོང་བྱེད་འགོ་བཙུགས་པ་ཡིན། ད་ཆ་བོད་ཀྱི་ལས་ཞུགས་དང་ལས་གཏོད་ཀྱི་ཁོར་ཡུག་དང་སྲིད་ཇུས་ཀྱིས་སློབ་གྲྭ་ཆེ་མོ་བར་ཐབས་ལམ་དེ་བས་མང་བའི་སྒོ་ནས་ལས་ཞུགས་ཐུབ་པར་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད། དུས་རབས་ལས་བྱུང་བའི་གོ་སྐབས་དང་བསྟུན་ནས་ང་ཚོས་བློ་ཁོག་ཆེན་པོས་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཤེས་ཟླ་4ཚེས་8ཉིན་སྲིད་ཇུས་སྒྲོག་འགྲེལ་གྱི་བྱེད་སྒོ་རིམ་སྤེལ་ཐོག་ལྷ་ས་ཤེས་མཛེས་ཀོག་ཧྥེ་ཁང་གི་སྦྱིན་བདག་ཤེས་རབ་ལྷག་སྒྲོན་སོགས་བོད་ཀྱི་ལས་ཞུགས་ལས་གཏོད་ཀྱི་འཐུས་མིས་སློབ་གྲྭ་ཐོན་ཚུན་གྱི་ལས་ཞུགས་མྱོང་ཚོར་དང་ལས་གཏོད་ཀྱི་བརྒྱུད་རིམ་མཉམ་སྤྱོད་བྱས་ནས། སློབ་གྲྭ་ཐོན་ཉེར་ཡོད་པའི་མཐོ་སློབ་སློབ་མར་སྲོལ་རྒྱུན་གྱི་བསམ་བློ་ལས་སྒྲོལ་དགོས་པའི་ལྕག་སྐུལ་བྱས་པ་རེད། གཞན་ཡང་ལྗོངས་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་ལས་ཞུགས་ལས་གཏོད་ཀྱི་གཟིགས་སྐྱོང་སྲིད་ཇུས་དང་། སྤྱི་ཚོགས་འགན་བཅོལ་ཁ་གསབ་རོགས་སྣོན། འཚོ་བའི་ཁ་གསབ་སོགས་སློབ་གྲྭ་ཆེ་མོ་བས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས་སྒྲོག་འགྲེལ་བྱས་པ་རེད།
  ཟླ་4ཚེས་9ཉིན་གྱི་ལས་བསྡུའི་འདུ་ཚོགས་ནི་ད་ཐེངས་ཀྱི་བྱེད་སྒོའི་ལྷུ་ཚིགས་གལ་ཆེན་གྱི་གྲས་ཤིག་རེད། ལས་བསྡུའི་འདུ་ཚོགས་དེ་ལྷོ་ནུབ་མི་རིགས་སློབ་ཆེན་ཝེ་ཀྲོའུ་ཐང་ཆེན་དུ་འཚོགས་པ་དང་། བྱེད་སྒོ་སྤེལ་ཡུལ་དུ་མི་ཚོགས་ཀྱིས་ཁེངས་ཤིང་ལྷ་ས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་སོགས་མི་སྤྱོད་ཚན་པ་46གིས་ལས་གནས་688མཁོ་འདོན་བྱས་ཡོད།
  “ལྷ་ས་པོ་ཏ་ལ་ཡུལ་སྐོར་རིག་གནས་ཚོགས་པའི་ལས་བསྡུའི་དགོས་མཁོ་ཤེས་རྟོགས་བྱུང་རྗེས། ངས་ཀུང་སི་དེར་ང་རང་གི་ལོ་རྒྱུས་མདོར་བསྡུས་བསྐུར་བ་ཡིན། བོད་ཀྱི་ཡུལ་སྐོར་ལས་རིགས་དར་རྒྱས་གོང་འཕེལ་ཡོང་ཆེད། སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་འདོད་ཡོད”ཅེས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ལོ་རིམ་བཞི་པའི་སློབ་མ་ཧོ་ཧྲེང་གིས་བོད་ཀྱི་ལོ་རྒྱུས་རིག་གནས་ལ་དགའ་མོས་ཆེན་པོ་བྱེད་པ་དང་ལས་བསྡུའི་འདུ་ཚོགས་གཉེར་ཡུལ་དུ་ཁོང་གིས་རང་ལྗོངས་ཀྱི་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད།
  བོད་ལྗོངས་འགྲིམ་འགྲུལ་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སིའི་ལས་དོན་མི་སྣ་ཚེ་སྐྱིད་ཀྱིས“ང་ཚོའི་ཀུང་སིས་མཁོ་འདོན་བྱས་པའི་ལས་གནས་མང་བས། ང་ཚོར་འབྱོར་བའི་སློབ་མའི་ལོ་རྒྱུས་མདོར་བསྡུས་ཀྱང་མང་ཙམ་འདུག ང་ཚོས་ལོ་རྒྱུས་མདོར་བསྡུས་ཚང་མར་ནན་ཏན་ངང་ལྟ་ཡི་ཡོད”ཅེས་བཤད།
  རང་ལྗོངས་ཀྱི་སྔར་བས་སྔ་སྣུར་དང་། གནད་ལ་འཁེལ་བ། བརྩེ་བ་ལྡན་པ་བཅས་ཀྱི་ལས་ཞུགས་ཞབས་ཞུ་ནི་ཤེས་ལྡན་མི་སྣའི་མཁོ་སྤྲོད་སྟེགས་བུ་ཧུར་ཐག་བསྐྲུན་པར་རག་ལས་པ་དང་། ཁེ་ལས་དང་མཐོ་སློབ་སློབ་ཐོན་སློབ་མའི་དབར་སྤེལ་རེས་དང་འབྲེལ་མཐུད་ཡོང་བར་སྐུལ་འདེད་བཏང་སྟེ། མི་སྤྱོད་ཚན་པའི་དགོས་མཁོ་དང་སློབ་མའི་ལས་ཞུགས་ཀྱི་དགོས་མཁོ་འཚམ་རྒྱུར་འགན་ལེན་བྱས་ནས་གན་རྒྱ་འཇོག་ཚད་དང་ལས་ཞུགས་ཐུབ་ཚད་སྔར་བས་མཐོ་རུ་གཏོང་ཐུབ་པ་བྱ་རྒྱུ་དེ་རེད།
  “གོམ་སྟབས་རྗེས་མར། ང་ཚོས་ད་ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས། ཐབས་ལམ་མང་པོའི་ཐོག་ནས་ལས་གནས་ཀྱི་དགོས་མཁོ་སྔོག་འདོན་གཏིང་ཟབ་བྱེད་པ་དང་ཞབས་ཞུ་སྒྲུབ་སྟངས་གསར་གཏོད་ཧུར་ཐག་བྱས་ཏེ། ལས་ཞུགས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ་དང་ལས་ཞུགས་སྤུས་ཚད་མཐོ་རུ་བཏང་ནས། རང་ལྗོངས་ཀྱི་ལས་ཞུགས་ལས་གཏོད་ལས་དོན་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་མུ་མཐུད་སྐུལ་འདེད་གཏོང་གི་ཡིན”ཞེས་རང་སྐྱོང་ལྗོངས་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱི་རིམ་པ་བཞི་པའི་ཀྲུའུ་རེན་ཁོའོ་ཡོན་བདེ་སྐྱིད་སྒྲོལ་དཀར་གྱིས་བཤད།
འབྲེལ་ཡོད་རྩོམ་ཡིག