ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཐད་གཏོང་ཟོག་འཚོང་ཐད་གཞུང་ཕྱོགས་ཀྱིས་གཏན་འབེབས་གསར་པ་བཟོས།

2024-04-12
          ཀྲུང་གོས་དྲ་རྒྱའི་ཐད་གཏོང་ཟོག་འཚོང་ཐད་དུ་གནས་པའི་ཚད་ལྡན་མིན་པའི་གནད་དོན་ལ་དམིགས་ནས་གཏན་འབེབས་གསར་པ་བཟོས་པ་རེད།  ཟླ7པའི་ཚེས1ཉིན་ནས་ལག་བསྟར་ནུས་པ་ཐོན་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས་སྐོར་གྱི་ལག་བསྟར་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་འབོད་རྒྱུ)ནང་དུ་ཐད་གཏོང་ཟོག་འཚོང་བྱེད་སྐབས་སུ་ངེས་པར་དུ“སུས་ཅ་དངོས་འཚོང་གི་ཡོད་པ”དང“སུའི་ཅ་དངོས་འཚོང་གི་ཡོད་པ”གསལ་པོ་བཤད་དགོས་པའི་བླང་བྱ་བཏོན་ཡོད། 
         ཟླ4པའི་ཚེས9ཉིན། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་པེ་ཅིང་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་འཆར་ཅན་བརྡ་གཏོང་ཚོགས་འདུ་འཚོགས་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》གི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་རྒྱག་བཞིན་པ།
           ཀྲུང་གོའི་རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཁྲིམས་འཛིན་ཞིབ་བཤེར་ཅུས་ཀྱི་ཅུས་ཀྲང་ཁོང་ཞུས་ཀྱིས་ཚེས9ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་འཆར་ཅན་བརྡ་གཏོང་ཚོགས་འདུའི་ཐོག་ཏུ་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཁོང་གིས་ཐད་གཏོང་ཟོག་འཚོང་ལས་འཛད་སྤྱོད་ཀྱི་རྣམ་པ་གསར་གཏོད་བྱས་ཤིང་འཛད་སྤྱོད་ཀྱི་མཁོ་སྤྲོད་ཕུན་སུམ་ཚོགས་སུ་བཏང་མོད། འོན་ཀྱང“ལས་སྟེགས་རྒྱབ་མདུན”གཉེར་མཁན་མང་བ་དང་། “མི་ཟོག་ཡུལ”གསུམ་གྱི་འབྲེལ་ཐག་རིང་བ།   “དྲ་ཐོག་དང་དྲ་ཕྱི ” དོ་དམ་བྱེད་དཀའ་བ། འཛད་སྤྱོད་པས་དཔང་རྟགས་འདོན་དཀའ་བ་བཅས་ལས་ཚོང་གཉེར་རྫུན་མ་དང་།ཅ་དངོས་ལག་ཏུ་འབྱོར་དུས་ངོ་མ་འཕྲོད་པ། ཅ་དངོས་ཕྱིར་སློག་དཀའ་བ་སོགས་ཀྱི་གནད་དོན་མངོན་གསལ་དོད་པོ་ཐོན་གྱི་ཡོད་ཅེས་བརྗོད།
          ཁོང་ཞུས་ཀྱིས། ཉེ་བའི་ལོ་ལྔའི་རིང་ལ་ཀྲུང་གོའི་ཐད་གཏོང་དྲ་ཐོག་ཚོང་དོན་ཁྲོམ་རའི་གཞི་ཁྱོན་ལྡབ10.5འཕར་བ་དང་དུས་མཚུངས་སུ་ཞུ་གཏུག་ཐེར་འདོན་བྱེད་ཚད་ལྡབ47.1འཕར་བ་དེ་སྲོལ་རྒྱུན་གྱི་དྲ་ཐོག་ཚོང་དོན་ལས་མངོན་གསལ་དོད་པོས་མཐོ་བ་དེའི་ཐོག་ནས་འཕེལ་རྒྱས་དང་ཚད་གཞི་ད་དུང་དོ་སྙོམས་མེད་པ་གསལ་བཤད་ཐུབ་ཅེས་བརྗོད།
           ཁོང་གིས། 《སྲོལ་ཡིག》གིས་ཐད་གཏོང་གི་ཁྱད་ཆོས་དང་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་ཕྱོགས་མང་པོའི་ཐད་ནས་ཚད་གཞི་བཟོས་ཡོད། དཔེར་ན་ཆ་འཕྲིན་ཁྱབ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་དུ། ཚོང་གཉེར་པས་དྲ་བ་དང་བརྙན་འཕྲིན། ཁ་པར། སྦྲག་ཉོ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཚོང་ཟོག་གི་ཞབས་ཞུ་སྒྲུབ་དགོས་ན། དེའི་ངོས་ཤོག་དང་། བརྙན་རིས། སྐད་སྒྲ། ཚོང་ཟོག་གི་དཀར་ཆག་སོགས་མངོན་གསལ་དོད་སར་དེའི་མིང་དང་མཚོན་རྟགས་ངོ་མ་གསལ་པོར་འགོད་པའམ་གསལ་བཤད་བྱེད་དགོས།  “ཐད་གཏོང་ཟོག་འཚོང་བྱེད་སྐབས’སུས་ཅ་དངོས་འཚོང་གི་ཡོད་པ‘དང’སུའི་ཅ་དངོས་འཚོང་གི་ཡོད་པ‘ངེས་པར་དུ་གསལ་པོ་བཤད་དགོས། དེ་ནི་ཚོང་གཉེར་གྱི་སྔོན་འགྲོའི་ཆ་རྐྱེན་དང་མཐའ་ཚད་རེད”ཅེས་བཤད།
           ལས་སྟེགས་དོ་དམ་འཐུས་སྒོ་ཚང་དུ་གཏོང་བའི་ཐད། 《སྲོལ་ཡིག》ནང་དུ་ཐད་གཏོང་ཚོང་གཉེར་ལས་སྟེགས་གཉེར་སྐྱོང་པས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས།  འཛད་སྤྱོད་ཀྱི་རྩོད་གཞི་ཐག་གཅོད་ལམ་སྲོལ་ཁ་གསལ་བཟོ་དགོས་པའི་གཏན་འབེབས་བྱས་ཡོད། ཚོང་གཉེར་གྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་ཐད《སྲོལ་ཡིག》ནང་ཐད་གཏོང་ཁང་གཉེར་སྐྱོང་མཁན་དང་ཐད་གཏོང་གི་གཉེར་ཚོང་མི་སྣས་ཐད་གཏོང་བྱས་པའི་ཐད་གཏོང་ནང་དོན་ལ་ཚོང་ལས་ཀྱི་བརྡ་ཁྱབ་ཡིན་ན། བརྡ་ཁྱབ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བརྡ་ཁྱབ་སྤེལ་མཁན་དང་། བརྡ་ཁྱབ་གཉེར་སྐྱོང་པའམ་ཡང་ན་བརྡ་ཁྱབ་མགྲིན་ཚབ་པའི་འོས་འགན་ལག་ལེན་བསྟར་དགོས།
         《སྲོལ་ཡིག》ནང་དུ་ད་དུང་ཚད་ལྡན་རང་བཞིན་གྱི་ཡིག་ཆ“དྲ་རྒྱའི་ཐད་གཏོང་གཉེར་ཚོང་དོ་དམ་བྱ་ཐབས”ཁྲོད་ཀྱི་འབྲེལ་ཡོད་ནང་དོན་དེ་ཁྲིམས་ཀྱིས་གཏན་འཁེལ་བའི་འོས་འགན་དུ་བསྒྱུར་ནས་ལས་སྟེགས་དང་། ཐད་གཏོང་ཁང་། ཐད་གཏོང་བྱེད་མཁན་བཅས“ཚང་མར་འགན་འཁྲི་ཡོད”ཅེས་ཁ་གསལ་བཏོན་ཡོད།
རྩོམ་སྒྲིག་པ། མང་ག་མཚོ།
འབྲེལ་ཡོད་རྩོམ་ཡིག