ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཚན་རིག་པས་མཚོ་བོད་ས་མཐོའི་འཁྱགས་རོམ་ཆེ་ཤོས་གསར་རྙེད་བྱུང་།

2024-11-04
       ཟླ9པའི་ཚེས30ཉིན། རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཚེའུ་གཉིས་རྫོང་ཁོངས་སུ་གནས་པའི་ཕུ་རོག་གངས་རིའི་འཁྱགས་རོམ་ནི་མཚོ་བོད་ས་མཐོའི་སྟེང་གི་འཁྱགས་རོམ་མཐུག་ཤོས་དེ་ཡིན་པ་ཤེས་རྟོགས་བྱུང་བའི་ཁྱབ་བསྒྲགས་བྱས་པ་དང་། ཟླ10པའི་ཚེས29ཉིན། ཚན་རིག་རྟོག་ཞིབ་ཡུལ་དངོས་ནས་སླར་ཡང་གཏམ་བཟང་གྲགས་པ་སྟེ། རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་འཛམ་གླིང་གི་ཟིན་ཐོ་ལས་བརྒལ་ནས་གོ་ལ་ཧྲིལ་པོའི་འཕྲེད་ཐིག་ཏུའུ་གྲངས་འབྲིང་དམའི་འཁྱགས་རོམ་གྱི་འཁྱགས་སྙིང་རིང་ཤོས་དེ་གསོར་འབིགས་བཏང་བའི་རིང་ཚད་ལ་སྨི324ཡོད།
       ད་ལོའི་ཟླ9པར་མཚོ་བོད་ཚན་རིག་རྟོག་ཞིབ་རུ་ཁག་ཐེངས་གཉིས་པས་ཕུ་རོག་གངས་རིའི་འཁྱག་རོམ་གྱི་མཐུག་ཚད་ཚད་ལེན་བྱེད་སྐབས། འཁྱགས་རོམ་ཨང10པའི་སར་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི6100ཡི་བརྒལ་བ་ཚད་ལེན་ཐུབ་ནས་མིག་སྔར་འཁྱག་རོམ་གྱི་མཐུག་ཚད་ལ་སྨི400ལྷག་ཙམ་ཟིན་གྱི་ཡོད།
       ཟླ9པའི་ཚེས11ཉིན་གྱི་དགོང་མོར་ཚན་རིག་རྟོག་ཞིབ་པས་འཁྱག་རོམ་ཨང10པའི་འཁྱག་འོགCལས་སྒྲུབ་ས་ཚིགས་སུ་འཕྲུལ་ཆས་ཁ་ཕྱེ་ནས་འཁྱག་སྙིང་ལེན་འགོ་ཚུགས།
       ཡིན་ནའང་གསོར་འབིགས་ལས་དོན་གྱི་འཕེལ་རྒྱས་ལ་དཀའ་ཚེགས་ཆེན་པོ་ཡོད།   ཉེ་བའི་ཟླ་གཉིས་རིང་། རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་སྔ་རྗེས་སུ་ས་ཚིགས་དེ་གཉིས་བདམས་མོད། འོན་ཀྱང་གཏིང་རིང་བའི་འཁྱགས་གཟུགས་ཀྱི་གྲུབ་ཆ་རྙོག་འཛིང་ཆེ་བར་བརྟེན་སྨི95དང་སྨི158སར་དཀའ་ངལ་འཕྲད་ནས་འབིགས་ལེན་གྱི་ལས་དོན་མཚམས་འཇོག་བྱེད་དགོས་བྱུང་བ་རེད།
       ཡུལ་དངོས་ཀྱི་ཚན་རིག་རྟོག་ཞིབ་པའི་མདུན་དུ་ལྷགས་པའི་དཀའ་ངལ་ནི་བདེ་བླག་ངང་འབིགས་པའི་འཁྱགས་སྙིང་ཁྱེར་ནས་ཕྱིར་ལོག་པས་བོད་ལྗོངས་བྱང་ཐང་ས་ཁོངས་ཀྱི་འཁྱག་རོམ་འགྱུར་ལྡོག་གི་གནས་ཚུལ་ལ་འགྲེལ་བཤད་རྒྱག་པའི་ཐད་དཔྱད་གཞི་མང་པོ་མཁོ་འདོན་བྱས་ཡོད། ཡང་ན་མུ་མཐུད་འཁྱགས་སྟེང་དུ་བསྡད་ནས་ཡང་བསྐྱར་ཁུང་ཕུག་ནས་འཚོལ་ཞིབ་བྱས་ཏེ་འཁྱགས་སྙིང་སྔར་ལས་རིང་བ་ཞིག་འཚོལ་ཞིབ་བྱེད་དགོས་པ་དེ་རེད།
       ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཞུས་པའེ་ཆིང་གིས“ད་ཐེངས་ཀྱི་འཁྱགས་རོམ་ཚན་རིག་རྟོག་ཞིབ་ལ་ཐོན་ཁུངས་དང་སེམས་ནུས་འབོར་ཆེན་བཏོན་ཡོད། གལ་ཏེ་ད་དུང་རེ་བ་ཕྲན་བུ་ཡོད་ཚེ་ང་ཚོས་འཁྱགས་སྙིང་འཚོལ་ཞིབ་མཐར་ཕྱིན་བྱ་རྒྱུ་བརྩོན་ལེན་བྱེད་ཀྱི་ཡིན”ཞེས་བཤད།
ཞུས་པའེ་ཆིང(གཡས་པ)གིས་ཚན་རིག་རྟོག་ཞིབ་རུ་མིར་མཛུབ་སྟོན་གནང་བཞིན་པ།
       ཕུ་རོག་གངས་རིའི་འཁྱགས་རོམ་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ས་ཁོངས་སུ་གནས་ཤིང་། གོ་ལ་ཧྲིལ་པོ་དྲོ་རུ་ཕྱིན་པར་བརྟེན་མིག་སྔར་ཆུང་དུ་འགྲོ་བཞིན་ཡོད།
       གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པས་འཁྱགས་རོམ་ལ་ཐེབས་པའི་ཤུགས་རྐྱེན་ཁྱོན་ཡོངས་ནས་ཤེས་རྟོགས་བྱ་ཆེད། ཡང་ནས་བསྐྱར་དུ་རྟོག་ཞིབ་བྱས་པ་བརྒྱུད། ཚན་རིག་རྟོག་ཞིབ་པས་སླར་ཡང་འཁྱགས་ཁུང་གསོར་འབིགས་རྩད་ཞིབ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
       ཟླ10པའི་ཚེས16ཉིན་རང་རྒྱལ་གྱིས་བཟོས་པའི་གསོར་འབིགས་རྩད་ཞིབ་སྒྲིག་ཆས་དག་འཁྱག་ལྡིརCལས་སྒྲུབ་ས་ཚིགས་ཀྱི་གསོར་འབིགས་ཨང་གསུམ་པར་སྤྱོད་འགོ་ཚུགས་པ་རེད། 
       ཉིན་ཤས་བསྟུད་མར་ཞུས་པའེ་ཆིང་གིས་ཚོགས་པའི་སྣེ་ཁྲིད་དེ་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི6100ལྷག་ཙམ་ཡོད་པའི་འཁྱགས་རོམ་རྩེ་མོར་སྒར་བརྒྱབ་ནས་གངས་ལྷགས་ལ་མི་འཛེམ་པར་མཐར་རིང་ཚད་སྨི324ཡི་ཐོག་ནས་འཛམ་གླིང་གི་ཟིན་ཐོ་ལས་བརྒལ་ནས་གོ་ལ་ཧྲིལ་པོའི་འཕྲེད་ཐིག་ཏུའུ་གྲངས་འབྲིང་དམའི་འཁྱག་རོམ་གྱི་འཁྱགས་སྙིང་རིང་ཤོས་སུ་གྱུར་ཡོད།
ཞུས་པའེ་ཆིང(གཡས་གཉིས)དང་ལས་གྲོགས་རྣམས་ཀྱིས་གསོར་མགོ་ལས་བླངས་པའི་འཁྱགས་སྙིང་།
       དེ་སྔོན་ཟིན་ཐོ་དེ་བོད་ལྗོངས་མངའ་རིས་ས་ཁུལ་གྱི་ཁུ་ནུ་རི་བོའི་ཀུ་ལེ་ཡའི་འཁྱགས་རོམ་ཡིན། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་ཚན་རིག་མཁས་ཅན་གྱིས1992ལོར་རིང་ཚད་སྨི308.6ཡོད་པ་དང་ལོ་རབས་ལོ་ཁྲི70ལྷག་ཙམ་གྱི་འཁྱགས་སྙིང་བླངས་པ་རེད།
       ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་བྱེད་སྐབས་ད་དུང་གནད་གཞན་དུ་མཐིལ་གསལ་བའི་འཁྱགས་སྙིང་སྨི172བདེ་བླག་ངང་འབིགས་ཐུབ་ཡོད། ཞུས་པའེ་ཆིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མཐིལ་གསལ་བའི་འཁྱགས་སྙིང་ཞེས་པ་ནི་འཁྱགས་རོམ་གྱི་ཕྱི་ངོས་ནས་མཐིལ་དང་བྲག་རྡོའི་བང་རིམ་གྱི་འབྲེལ་མཚམས་ཀྱི་འཁྱགས་སྙིང་ལ་ཟེར་ཞིང་། དེས་འཁྱགས་རོམ་ཆགས་པའི་ལོ་རབས་དང་མཐིལ་གྱི་འགུལ་སྐྱོད་གནས་ཚུལ་ལ་ཞིབ་འཇུག་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
       ཚན་རིག་མཁས་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འཁྱགས་རོམ་བཞུར་ཚེ་ཉར་ཚགས་བྱས་པའི་སའི་གོ་ལའི་ལོ་རྒྱུས་ཟིན་ཐོ་ཡང་མེད་པར་འགྱུར་རྒྱུ་ཡིན་པས་འཁྱགས་སྙིང་འབིགས་ལེན་དང་ཉར་ཚགས་བྱ་རྒྱུ་ནི་དེ་བས་གལ་འགངས་ཆེ་བ་ཞིག་རེད།
       ཕུ་རོག་གངས་རིའི་འཁྱགས་རོམ་ནི་དུས་རབས20པར་རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་ཤེས་རྟོགས་བྱུང་རྗེས།  རྒྱལ་སྤྱིའི་མཚོ་བོད་ས་མཐོའི་ཞིབ་འཇུག་གི་གླེང་མང་བའི་གནད་དོན་གསར་པ་ཞིག་ཏུ་གྱུར་ཡོད།
       མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་རུ་ཁག་གི་རུ་དཔོན་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཡའོ་ཐན་ཏུང་གིས“མཐུག་ཚད་ཚད་ལེན་དང་སྙིང་ལེན་བྱས་པ་བརྒྱུད་འཕྲེད་ཐིག་དམའ་བ་དང་འབྲིང་བའི་ས་ཁུལ་གྱི་འཁྱགས་ཁུངས་ཆེ་ཤོས་དེར་འགྱུར་ལྡོག་འབྱུང་བཞིན་ཡོད་པ་དང་། ཐོ་བཀོད་པའི་ཁོར་ཡུག་གི་འགྱུར་ལྡོག་ལ་སྔར་བས་ཞིབ་དཔྱད་བྱས་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་དེས་འཁྱགས་རོམ་ལ་ཐེབས་པའི་ཤུགས་རྐྱེན་ཁྱོན་ཡོངས་ནས་ཤེས་རྟོགས་ཐུབ་རྒྱུ་རེད”ཅེས་བཤད།
འབྲེལ་ཡོད་རྩོམ་ཡིག