ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལས་ས་མཐོར་བཀྲག་མདངས་བསྣན་པ།

2024-11-04
བོད་ལྗོངས་ཀྱིས་རིག་གནས་དང་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།
  
ཡུལ་སྐོར་བས་སྙེ་མོ་རྫོང་ཇོ་མོ་གངས་དཀར་རི་བོའི་མཛེས་ལྗོངས་ཁུལ་དུ་པར་རྒྱག་བཞིན་པ།
  ཡུལ་སྐོར་བས་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་དུ་རྟ་བཞོན་ནས་མཛེས་ལྗོངས་ལ་མྱོང་རོལ་བྱེད་བཞིན་པ།
  འདི་ལོ་ཚུན་དུ། བོད་ལྗོངས་ཀྱིས་རིག་རྩལ་སྤུས་དག་འདུ་འགོད་དང་། ཁྱད་ལྡན་རིག་གནས། ཡུལ་སྐོར་ཐོན་ལས་སྐྱེད་སྲིང་འདུ་འགོད་སོགས་འདུ་འགོད་ཆེན་པོ་དགུ་ལག་ལེན་ཤུགས་ཆེན་བསྟར་ནས་རིག་གནས་ཡུལ་སྐོར་ལས་དོན་གཏིང་ཟབ་སྤེལ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། ད་ལོའི་ཟླ་9པའི་བར། ལྗོངས་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་88.64ཟིན་པ་དེ་དུས་མཚུངས་ལས་22%འཕར་ཡོད། དེ་དང་ཆབས་ཅིག ལྗོངས་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་5728.56ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་15.34%འཕར་བ་དང་ཡུལ་སྐོར་གྱི་འགྲོ་གྲོན་བསྡོམས་འབོར་སྒོར་དུང་ཕྱུར་670.55ཟིན་པ་དེ་དུས་མཚུངས་ལས་151.4%འཕར་ཡོད་པ་རེད།
  བརྩམས་ཆོས་སྤུས་དག་གསར་རྩོམ་བྱས་པར་རིག་གནས་ཀྱི་མཚར་སྡུག་རབ་ཏུ་མངོན་པ།
  ཏང་གི་ཚོགས་ཆེན་ཉི་ཤུ་པའི་ནང་རིག་གནས་ལ་བརྟེན་ནས་ཡུལ་སྐོར་སྐྱེད་སྲིང་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་རྒྱུ་མཐའ་འཁྱོངས་བྱས་ཏེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ཁ་གསལ་བཏོན་ཡོད།
  ད་ལོ་ཚུན་དུ་རང་ལྗོངས་ཀྱིས་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་པར་རིག་རྩལ་བརྩམས་ཆོས་སྣ་ཚོགས་མེ་ཏོག་མཉམ་བཞད་ལྟ་བུ་བྱུང་བ་དང་གར་སྟེགས་སྣ་ཚོགས་ཐོག་ངོ་མཚར་ཆེ་བའི་རྣམ་པ་ཞིག་མངོན་ཡོད། དེའི་ནང་གཏམ་བརྗོད་ཟློས་གར《བར་སྐོར་གྱི་སྒོ་ར་བྱང་མ》ཞེས་པ་ལྷོ་ནུབ་ཟློས་གར་འགྲེམས་སྟོན་བྱས་ནས་ལོ་80འཁོར་བར་དྲན་གསོ་ཞུ་བ་དང་རྒྱལ་ཡོངས་གཏམ་བརྗོད་ཟློས་གར་གྱི་ཕུལ་བྱུང་འཁྲབ་ཚན་འགྲེམས་འཁྲབ་སྐབས་བརྒྱད་པར་ཞུགས་པ་དང་། ལོ་རྒྱུས་སྙན་ངག་གི་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》དང་ལྷན་སྦྱར་རྣམ་གྲངས་ཁག་དང་པོར་རྒྱལ་ཡོངས་ཀྱི“རྫོང་རེར་སྤུས་རྟགས་རེའི”ཁྱད་ལྡན་རིག་གནས་སྒྱུ་རྩལ་གྱི་དཔེ་མཚོན་ལ་བདམས་པ། 2025ལོའི་ལོ་འཁོར་གྱི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩར《གོས་འཁྲུའི་གླུ་གཞས་བསྐྱར་དུ་ལེན》སོགས་རྣམ་གྲངས་22འདུན་ཞུ་ལེགས་གྲུབ་བྱུང་བ། ལོ་སྟོད་དུ་ལྗོངས་ཡོངས་ཀྱི་རིམ་ཁག་རིག་རྩལ་ཁང་དང་ཚོགས་པས་གསར་རྩོམ་དང་བསྐྱར་རྩོམ་བྱས་པའི་རིག་རྩལ་བརྩམས་ཆོས་857ཟིན་ཡོད་པ་རེད། བརྩམས་ཆོས་དེ་དག་ལས་རང་ལྗོངས་ཀྱི་རིག་གནས་སྒྱུ་རྩལ་གྱི་ནོར་མཛོད་བྱུར་བུར་གཏམས་པ་མ་ཟད། བོད་ཀྱི་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བར་རིག་གནས་ཀྱི་སྒུལ་ནུས་ཆེན་པོ་བསྣན་ནས་ཕྱོགས་བཞིའི་ཡུལ་སྐོར་བའི་ཡིད་དབང་འགུག་བཞིན་ཡོད།
  ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་ཐད། རང་ལྗོངས་སུའང་བཀྲག་མདངས་འཚེར་ས་མང་པོ་ཐོན་ཡོད། ཁག་དང་པོའི《བོད་རང་སྐྱོང་ལྗོངས་ཀྱི་རྩ་ཆེའི་གནའ་དཔེའི་མིང་གཞུང》དང་དེ་བཞིན“བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་གནའ་དཔེ་སྲུང་སྐྱོང་ཚན་པ”དཔྱད་ཞིབ་གཏན་འཁེལ་ལས་དོན་ལེགས་གྲུབ་ཟིན་པ་རེད། དེ་དང་ཆབས་ཅིག སྙེ་མོ་གནའ་ནོར་ཚོང་དོན་ཚད་ཡོད་ཀུང་སི་སོགས་བཟོ་ཁང་10“རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་གི་དཔེ་སྟོན་ས་ཚིགས”ཁག་དང་པོར་ཚུད་པ་དང་། གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ལྡན་རྫོང་དང་ཤང་གྲོང་ཚོ་3“རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ལྡན་རྫོང་དང་ཤང་གྲོང་ཚོའི་དཔེ་སྟོན་ས་ཚིགས”ཁག་དང་པོར་བདམས་པ་རེད། གཞན་ཡང་། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་གནའ་བོའི་ཚྭ་ཞིང་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་ཡུལ་སྐོར་མཛེས་ལྗོངས་ཁུལ(ས་ཚིགས)5“རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཡུལ་སྐོར་མཛེས་ལྗོངས་ཁུལ(ས་ཚིགས)གྱི་དཔེ་སྟོན་ས་ཚིགས”ལ་བདམས་པ་རེད།
  ཞབས་ཞུ་ལེགས་སུ་བཏང་བས་ཡུལ་སྐོར་ཐོན་རྫས་ཕུན་སུམ་ཚོགས་སུ་ཕྱིན་པ།
  ཉེ་བའི་ལོ་ཤས་རིང་། བོད་ཀྱི་ཡུལ་སྐོར་ཐོན་རྫས་རང་སོའི་ཁྱད་ཆོས་ཅན་དང་། མངགས་བཟོ་ཅན། ཉུང་ཚོགས་ཅན་བཅས་ཀྱི་འཕེལ་ཕྱོགས་སྔར་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། G219ལམ་རྒྱུད་ཀྱི་མཐའ་མཚམས་གྲོང་ཚོར་ཡུལ་སྐོར་བྱེད་པ་ནས་G349ལམ་རྒྱུད་ཀྱི་གནའ་ཉམས་དོད་པའི་རིག་གནས་ཉམས་ལེན་བྱེད་པའི་བར་ཡུལ་སྐོར་བ་སྔར་བས་མང་བ་ཞིག་གིས་རླངས་འཁོར་གླ་བའམ་ཡང་ན་སྒེར་འཁོར་བཏང་ནས་བོད་ཀྱི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་བབ་ཆགས་ཤིང་ཐུན་མོང་མ་ཡིན་པའི་འཚོ་བར་ཉམས་ལེན་བྱེད་པར་ཡོང་གི་ཡོད།
  མིག་སྔར། རང་ལྗོངས་ཀྱི་ལམ་ཐིག་5རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་ལམ་ཐིག་རྩེ་གྲའི་གྲས་སུ་བདམས་པ་དང་འབྲེལ། “ཡོད་པ་བཞིའི”ཡུལ་སྐོར་ཁྱད་ལྡན་གྲོང་གསེབ་16བདམས་ནས་སྒྱུར་བཀོད་རིམ་སྤོར་བྱས་པ་རེད། ད་ལོ་བོད་ཀྱིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་7དང་མཐའ་མཚམས་གྲོང་གསེབ་ཀྱི་ཡུལ་སྐོར་ཁྱད་ལྡན་གྲོང་ཚོ་7སྐྲུན་རྩིས་ཡོད་པ་མ་ཟད། ཀྲུང་གོ་ཡུལ་སྐོར་རླངས་འཁོར་གྲུ་གཟིངས་མཐུན་ཚོགས་དང་སྦྲེལ་མཐུད་ཧུར་ཐག་བྱས་ནས་རྒྱལ་ཡོངས་ཀྱི་སྒེར་འཁོར་ཡུལ་སྐོར་ལམ་ཐིག་མཛེས་ཤོས་སུ་འདུན་ཞུ་བྱེད་རྩིས་ཡོད་པ་རེད། དེ་དང་ཆབས་ཅིག་ནུས་ཤུགས་ཡོད་རྒུས་G219དང་། G318 G317 G349སོགས་ཡུལ་སྐོར་ལམ་ཐིག་རྩེ་གྲ་གཏོད་བཞིན་ཡོད་པས་རྒྱལ་ལམ་བརྒྱུད་ནས་བོད་དུ་ཡུལ་སྐོར་ལ་འགྲོ་བ་དེ་ཡུལ་སྐོར་གྱི་དར་སྲོལ་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད།
  རིག་གནས་དང་ཡུལ་སྐོར་ཁྲོམ་ར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་་པོ་ཞིག་གཏོད་ཆེད། ད་ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱིས་ཡུལ་སྐོར་གྱི་ཞུ་གཏུག་ཁག་3965དང་ཡུལ་སྐོར་བློ་འདྲི་ཁག་4224བདག་སྤྲོད་བྱས་ནས་ཡུལ་སྐོར་བར་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་140མི་ཕོག་པར་བྱས་པ་རེད། དེ་དང་ཆབས་ཅིག་ཞུ་གཏུག་བལྟོས་བཅས་ཀྱིས་གཅིག་སྡུད་ཡིན་པའི་ཡུལ་སྐོར་ལས་དོན་ཁང་20ལ་གཅིག་སྡུད་ཐོག་བསླབ་འདོམས་སྐུལ་ལྕག་གི་སྐོང་འདྲི་བྱས་ནས་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་སྔར་བས་ལེགས་སུ་བཏང་བ་རེད།
  མཉམ་འདྲེས་འཕེལ་རྒྱས་བཏང་ནས་སྒུལ་ཤུགས་ཆེན་པོ་བསྣན་པ།
  གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ས་ཕུད་སྒང་ཤང་གླང་པ་གྲོང་ཚོ་ནི་2019ལོར་ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེའི་མིང་གཞུང་ཁག་ལྔ་པར་ཚུད་པ་རེད། གསར་འགོད་པ་གླང་པ་གྲོང་ཚོར་སྐྱོད་སྐབས། གྲོང་མིའི་བོད་བཟོའི་ཁང་པ་གྲལ་སྟར་འགྲིག་ལ་བཀོད་པ་ལེགས་པ་དེ་དག་ལས་རིག་གནས་ཀྱི་ཉམས་འགྱུར་ཟབ་མོ་མངོན་གྱི་འདུག
  ས་ཕུད་སྒང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བསྟན་འཛིན་ངག་དབང་གིས“ང་ཚོའི་ཤང་གིས‘ཡུལ་ལུང་གི་ཉམས་སྣང’མཐའ་འཁྱོངས་བྱས་ནས‘གྲོང་བརྒྱ་རྣམ་གཅིག’མི་ཆགས་པ་བྱེད་ཀྱི་ཡོད། གླང་པ་གྲོང་ཚོས་བོད་ལྗོངས་སློབ་ཆེན་དང་མཉམ་ལས་བྱས་ཏེ་གླང་མཐོང་གཞིས་ཀ་སོགས་གསར་བརྗེའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་དེ་བཞིན་རྟ་འབབ་ཀྱི་སྲོལ་རྒྱུན་རིག་གནས་རྣམ་གྲངས་གསར་སྤེལ་བྱས་ནས‘རི་བོ་མཐོང་རྒྱུ་ཡོད་ལ། ཆུ་མོ་མཐོང་རྒྱུ་ཡོད་པ་དང་། ཡུལ་སྐད་ཐོས་རྒྱུ་ཡོད་པ། ཕ་ཡུལ་གྱི་འཕྲེང་སེམས་ཚོར་རྒྱུ་ཡོད་པ། ཕ་ཡུལ་གྱི་བརྩེ་བ་འཆར་ཐུབ་པ’བཅས་གྲོང་གསེབ་འཕེལ་རྒྱས་ཀྱི་ཁྱད་ལྡན་ལམ་བུ་ཧུར་ཐག་བཏོད་ཡོད། 2023ལོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་95.3ཟིན་ཡོད”ཅེས་བཤད།
  རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱས་པས་གླང་པ་གྲོང་ཚོ་དང་འདྲ་བའི་གྲོང་ཚོ(སྡེ་ཁུལ)མི་ཉུང་བ་ཞིག་ལ་ཕན་པ་ཐོབ་ཡོད། ལྷོ་ཁའི་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་དཔལ་སྡིངས་གྲོང་ཚོ། ཆབ་མདོའི་སྨར་ཁམས་རྫོང་གི་ལ་འོག་གྲོང་ཚོ། མངའ་རིས་རྩྭ་མདའ་རྫོང་གི་རྫ་རོང་གྲོང་ཚོ་སོགས་དམིགས་བསལ་གྱི་རིག་གནས་ལྡན་པའི་གྲོང་ཚོ་ཚང་མས་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་བཞིན་ཡོད། དེ་དག་ནི་འོད་ཟེར་འཕྲོ་བའི་མུ་ཏིག་གི་ཕྲེང་བ་ལྟར་ཡུལ་སྐོར་ལམ་ཐིག་ཆེ་གྲས་ཁག་སྟར་ལ་བརྒྱུས་ནས་ཞིང་འབྲོག་ཁུལ་གྱི་ཁྲོམ་ར་འཁྲུག་ཏུ་འགྲོ་རྒྱུར་སྐུལ་ཁྲིད་བྱེད་ཀྱི་ཡོད།
  མངོན་མིན་རིག་གནས་ཤུལ་བཞག་བརྒྱུད་སྤེལདེ་བས་ལེགས་པ་བྱ་ཆེད། བོད་ཀྱིས་ད་དུང་བོད་ཀྱི་གྲངས་འཛིན་རིག་གནས་འཕྲིན་ལམ་སྟེ། རིག་གནས་བོད་ལྗོངས་ཀྱི་ཆེད་ཁུལ་དྲ་བའི་ཐོག་བཏོན་ནས་ཞབས་བྲོ་རོལ་དབྱངས་དང་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་སོགས་རིགས་5ཡི་ལེ་ཚན་252བསྟན་ཡོད་པ་རེད། ད་དུང“ཁྱིམ་ཚང་ཁྲི་སྟོང་མང་པོར་རིག་གནས་ཁྱབ་སྤེལ་གཏོང་། བརྙན་ལམ་ཐོག་ནས་ཕ་ཡུལ་གྱི་ལོ་གསར་ཐད་གཏོང་བྱེད”ཅེས་པ་དང“ཁྱིམ་ཚང་མང་པོར་ལོ་གསར་རི་མོ་འབྲི། བདེ་སྐྱིད་ལྡན་པའི་ཀྲུང་གོའི་ལོ་གསར་གཏོང”སོགས་མངོན་མིན་རིག་གནས་ཤུལ་བཞག་གི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ཤིང་། ཟླ་6པའི་ཟླ་མཇུག་བར་ལྗོངས་ཡོངས་སུ་བྱེད་སྒོ་ཐེངས་521སྤེལ་བར་ལྟད་མོ་བ་མི་ཐེངས་ཁྲི་88ལྷག་ཙམ་ཟིན་ཡོད།
  བོད་ལྗོངས་སུ་ཡུལ་སྐོར་ལ་ཡོང་མཁན་ཚོས་རང་བྱུང་གི་མཛེས་ལྗོངས་ལ་མྱོང་རོལ་བྱེད་པ་དང་དུས་མཚུངས་རིག་གནས་ཀྱི་མཛེས་པར་ཡང་མྱོང་ལེན་བྱེད་ཐུབ། གོམ་སྟབས་རྗེས་མར། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་གཡུལ་ས་གཙོ་བོ་བཏོད་དེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ནས་ས་མཐོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་བཀྲག་མདངས་འཚེར་ས་གཏོད་རྒྱུ་རེད།
འབྲེལ་ཡོད་རྩོམ་ཡིག