སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པར་ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་3ཉིན་ཤེས་རྟོགས་བྱུང་བར་གཞིགས་ན། སི་ཕེན་རྒྱལ་ཡོངས་སུ་ཉུང་མཐར་ཡང་མི་216རེས་སྐོར་འདིའི་གནམ་གཤིས་ངན་པ་ལས་ཐོན་པའི་ཆུ་རུད་ཀྱི་ནང་རྐྱེན་ལམ་དུ་ཤོར་ཡོད་པ་དང་། དེའི་ཁྲོད་ལས་མང་ཆེ་བ་པ་ལུན་ཞི་ཡ་རང་སྐྱོང་ཁུལ་དུ་ཡིན།
སི་ཕེན་མངའ་ཁོངས་ས་ཆའི་སྲིད་ཇུས་བློན་ཆེན་ཨན་ཧོར·ཝུའེ་ཁེ་ཏུའོ·ཐོ་ལུའེ་སིས་ས་གནས་དེ་གའི་དུས་ཚོད་ཚེས་3ཉིན་སྤེལ་བའི་སྙན་ཞུའི་ནང་། ཆུ་རུད་ཀྱི་གནོད་འཚེ་ཕོག་ཁུལ་དུ་གཞི་རྩའི་གློག་ཤུགས་མཁོ་འདོན་དང་འཕྲིན་གཏོང་ཞབས་ཞུ་རིམ་བཞིན་སླར་གསོ་བྱེད་བཞིན་ཡོད་མོད། འོན་ཀྱང་དུད་ཚང་3000ཙམ་ལ་སྔར་བཞིན་གློག་ཆད་པ་དང་། 50%ལ་ཉེ་བའི་སྒུལ་བདེའི་ཁ་པར་གྱི་ལས་སྒོ་སྔར་བཞིན་སླར་གསོ་ཐུབ་མེད་ཅེས་འཁོད་ཡོད།
ཚེས་3ཉིན་གྱི་ཕྱི་དྲོར། སི་ཕེན་རྒྱལ་ཁབ་གནམ་གཤིས་ཅུས་ཀྱིས་ཆུ་རུད་ཀྱི་གནོད་འཚེ་ཚབས་ཆེན་ཕོག་པའི་པ་ལུན་ཞི་ཡ་རང་སྐྱོང་ཁུལ་དུ་དྲག་ཆར་བབས་པའི་ཉེན་བརྡ་དམར་པོ་བཏང་བའི་དབང་གིས་ས་གནས་མང་པོའི་གེགས་རྗེས་བསྐྱར་སྐྲུན་ལས་དོན་གནས་སྐབས་མཚམས་འཇོག་བྱས་ཡོད།
སི་ཕེན་ཤར་ལྷོའི་རྒྱུད་ལ་ཟླ་10ཚེས་29ཉིན་གྱི་དགོང་མོ་ནས་ཚེས་30ཉིན་གྱི་ཐོ་རེངས་བར་དྲག་ཆར་བབས་པས་ཆུ་རུད་ཐོན་པ་དང་། དེའི་ནང་པ་ལུན་ཞི་ཡ་རང་སྐྱོང་ཁུལ་ཆི་ཝ་གྲོང་རྡལ་དུ་ཆུ་ཚོད་8ནང་ཆར་པ་ཧའོ་སྨི་491བབས་ནས་དེའི་གོང་གི་ཟླ་20ཡི་ཆར་པ་འབབ་ཚད་ཀྱི་སྤྱི་འབོར་ལས་བརྒལ་ཡོད།