ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

འཛམ་གླིང་གི་ཁྱོ་གཅིག་ཤུག་མང་ཅན་གྱི་རྒྱལ་ཁབ།

2014-12-11 ཚེ་རིང་རྣམ་རྒྱལ།
   རང་རྒྱལ་གྱི་ཁྲིམས་སུ་ཁྱོ་གཅིག་ཤུག་མང་གཏན་འགོག་བྱས་ཡོད་ཀྱང་། ད་ལྟ་ཀན་ལྷོའི་རྨ་ཆུ་ས་ཁུལ་ལྟ་བུའི་ས་ཆ་རེ་འགའི་ལོ་ན་རྒན་གྲས་སུ་ཚུལ་འདི་མཐོང་རྒྱུ་འདུག ཁྲིམས་ཀྱི་འདེད་ཤུགས་དང་རིག་གནས་གསར་བའི་རླབས་རྒྱུན་གྱིས། མི་འགྱངས་བར་བུད་མེད་ཀྱི་མི་གཞི་རྡོག་རྫིས་གཏོང་བའི་སྲོལ་ངན་འདི་བོད་ཡུལ་ནས་གཙང་ཕྱགས་བྱེད་པའི་ཡིད་ཆེས་ཡོད། དེ་རིང་ང་ཚོས་གཞི་གཅིག་ཏུ་འཛམ་གླིང་ཐོག་ལུགས་འདི་སྔར་བཞིན་གནས་པའི་རྒྱལ་ཁབ་ཁ་ཤས་ལ་བལྟ།
དབྱི་ལང་།
   ཆོས་སྲིད་ཟུང་འབྲེལ་གྱི་དབྱི་ལང་རྒྱལ་ཁབ་དུ། དབྱི་སི་ལན་ཆོས་གཞུང་ལྟར། སྐྱེས་པ་གཅིག་གིས་མཆིས་བྲང་བཞི་ལེན་ཆོག མཆིས་བྲང་བཞི་འཛོམས་ཀྱི་མི་དེ་ནི་འབྱོར་ལྡན་ཞིག་ཡིན་དགོས་པར་མ་ཟད། ཆེན་ཆུན་གྱི་དབྱེ་བ་མེད་པར་ཚང་མ་འདྲ་མཉམ་ཡིན་དགོས། འོན་ཀྱང་། གཉེན་ཐོར་བྱེད་ན། ཁྲིམས་ལྟར་སྐྱེས་པ་ནི་དབུལ་བོ་དབུལ་རྐྱང་དུ་བྱེད་དོ།
 
དབྱི་རག
   གོ་གཅིག་ལོའི་མཚོ་འགག་དམག་འཁྲུག་གིས་དབྱི་རག་གི་སྤྱི་ཚོགས་ལ་རྨ་ཁ་ཆེན་པོ་བཏོད་འདུག ལྷག་པར་དེང་རབས་དང་སྲོལ་རྒྱུན་གྱི་སྲུབས་སུ་ལྷུང་བའི་བུད་མེད་རྣམས་ཀྱི་སེམས་སུ་ཁྱོ་གཅིག་ཤུག་མང་ཟུག་ཡོད་པས། བུད་མེད་རྣམས་ཀྱིས་ཁྱོ་གཅིག་ཤུག་མང་ནི་དོན་བཟང་ཞིག་ཏུ་འདོད་པ་ལས། བུད་མེད་ལ་དབང་སྤྲོད་པ་ནི་ནོར་འཁྲུལ་ཞིག་ཏུ་སེམས། འོན་ཀྱང་། དབྱི་རག་ཏུ་འབྱོར་ལྡན་གྱིས་སྐྱེས་པ་ཞིག་འཚོལ་རྒྱུ་ནི་དཀའ་བའི་གནས་ཤིག་ཡིན་ནོ། །
 
ཐ་ཆི་ཁུ་སི་ཐན།
   མིག་སྔར་ཐ་ཆི་ཁུ་སི་ཐན་དུ་སྐྱེས་པ་དཀོན་པའི་སྣང་ཚུལ་ཡ་མཚན་པ་ཞིག་འདུག་སྟེ། མི་བརྒྱད་ཀྱི་ཁྲོད་དུ་སྐྱེས་པ་གཅིག་མ་གཏོགས་མི་འདུག སྤྱིར་རྒྱལ་ཡོངས་སུ་མི་གྲངས་ས་ཡ་བདུན་ཟིན་ཡོད་ཀྱང་། དབུལ་ཕོངས་དང་ལས་ཤོར་གྱིས་ས་ཡ་གཅིག་ལྷག་བྱེས་སུ་མི་འགྲོ་ཐབས་མེད་དུ་གྱུར་ཡོད། གཞན་ཡང་། ༡༩༩༢ནས༡༩༩༧ལོའི་བར་བྱུང་བའི་སྡེ་གཟར་གྱིས། མི་བུ་འབུམ་ལྔ་ལྷག་འཆི་ལམ་དུ་བརྫངས་ཡོད་འདུག་ཅིང་། མང་ཤོས་ནི་སྐྱེས་པ་རེད། སྲིད་གཞུང་གིས་ཁྱོ་གཅིག་ཤུག་མང་ལུགས་བཀག་འགོག་བྱས་ཀྱང་། ཕོ་མོ་དོ་མཉམ་ཤོར་དྲགས་པས་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་འདུག
ཨ་ཧྥུ་ཀ་ནི་སི་ཐན།
   མཆིས་བྲང་མང་ན་ངོམ་སོ་བྱེད་པའི་ཨ་ཧྥུ་ཀ་ནི་སི་ཐན་དུ། དབྱི་སི་ལན་གྱི་ཆོས་གཞུང་ལྟར། འབྱོར་བ་འཛོམས་པའི་སྐྱེས་པ་གཅིག་གིས་བུད་མེད་བཞི་བསྟེན་ཆོག་ལ། ཆེན་ཆུན་གྱི་དབྱེ་བ་མེད་པར་འདྲ་མཉམ་ཡོང་དགོས། གནས་འདི་ནས་མཆིས་བྲང་མང་བ་ནི་ཕྱུག་པོའི་ཁྱད་དབང་ལྟ་བུར་གྱུར་ཡོད་ལ། དབུལ་བོ་རྣམས་ཀྱིས་མང་པོར་བསྟེན་པ་ནི་མི་སྲིད་པ་ཞིག་ཏུའོ།།
སེ་ནེ་ཀལ།
   ནུབ་ཕྱོགས་པ་དག་གིས་མིག་ལམ་ནས་དམངས་གཙོ་ཆེ་བའི་རྒྱལ་ཁབ་སེ་ནེ་ཀལ་ནི། ཁྱོ་གཅིག་ཤུག་མང་ལུགས་རྒྱུན་འཁྱོངས་བྱེད་བཞིན་པའི་རྒྱལ་ཁབ་ཅིག་ཡིན། ༢༠༠༠ལོར་སྲིད་འཛིན་ཝ་ཏི་ཡི་རྩ་ཁྲིམས་གསར་བ་ཐག་གཅོད་མ་བྱས་པའི་སྔོན་དུ། བུད་མེད་བཅིངས་འགྲོལ་བྱེད་པའི་དོན་ཚན་མང་པོ་བཏོན་ཡོད་ཀྱང་། ཁྱོ་གཅིག་ཤུག་མང་ནི་འགོག་མི་རུང་བའི་གནའ་བོའི་སྲོལ་རྒྱུན་ཞིག་ཏུ་འདོད་ཡོད།
རྒྱ་གར།
   རྒྱ་གར་གྱི་གཉེན་སྒྲིག་ལམ་ལུགས་ནི་ཆོས་ལུགས་དད་མོས་ལྟར་ལག་ལེན་བྱེད་བཞིན་ཡོད། གཙོ་བོ་ཧིན་རྡུའི་ཆོས་ལུགས་དང་དབྱི་སི་ལན། བྲམ་ཟེ། སངས་རྒྱས་ཆོས་ལུགས་སོགས་ཡོད་ལ། ཧིན་རྡུའི་ཆོགས་ལུགས་པས་ཁྱོ་གཅིག་ཤུག་གཅིག་ལུགས་དང་། དབྱི་སི་ལན་ཆོས་ལུགས་པས་ཁྱོ་གཅིག་ཤུག་མང་ལུགས་བརྩི་སྲུང་བྱེད་བཞིན་ཡོད།
ཁ་མེ་རོང་།
   རྒྱལ་ཁབ་འདིར་གཉེན་སྒྲིག་དཔང་ཡིག་རིགས་གཉིས་ཡོད། གཅིག་ནི་ཁྱོ་གཅིག་ཤུག་གཅིག་ལུགས་ཀྱི་དཔང་ཡིག་དང་། ཅིག་ཤོས་ནི་ཁྱོ་གཅིག་ཤུག་མང་ལུགས་ཀྱི་དཔང་ཡིག་ཡིན། གཉེན་ཐོག་མར་སྒྲིག་དུས་བཟའ་ཟླ་གཉིས་ཀྱིས་ལུགས་གང་བརྩི་སྲུང་བྱ་རྒྱུར་གྲོས་བྱས་ཏེ་དཔང་ཡིག་ལེན་དགོས། གལ་ཏེ་ཁྱོ་གཅིག་ཤུག་མང་གི་ལུགས་སུ་འགྲོ་ན་མཆིས་བྲང་གསུམ་བཞིར་བསྟེན་པ་ནི་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད་པ་མ་ཟད། བསྟེན་པའི་གྲངས་ལ་ཚོད་འཛིན་ཡང་མེད། དཔང་ཡིག་ཁྱོ་གཅིག་ཤུག་གཅིག་ལུགས་ཡིན་ན་ནི། མཆིས་བྲང་གཅིག་ལས་ལྷག་པར་བསྟེན་ན་ཁྲིམས་དང་འགལ་ལོ། །
ཧྥེ་གླིང་གི་སིལ་ཝ་ཆི་ལན།
   སིལ་ཝ་ཆི་ལན་ནི་ཧྥེ་གླིང་གི་ཤར་ཕྱོགས་སུ་གནས་པའི་སྐམ་སའི་རྒྱལ་ཁབ་ཅིག་ཡིན་ལ། ཁྱོ་གཅིག་ཤུག་མང་ལུགས་སུ་བྱེད། མཆིས་བྲང་དང་ཕྲུག་གུའི་མང་ཉུང་གིས་སྐྱེས་པའི་བཟང་ངན་འཇལ་གྱིན་ཡོད། དེ་བས། རྒྱལ་ཡོངས་སུ་ས་ཡ་གཅིག་མི་ལོན་པའི་མི་འབོར་གྱི་ཁྲོད་དུ ༤༢.༦% ལྷག་ལ་ཨེ་ཙི་སོགས་ཀྱི་འགོས་ནད་ཡོད་འདུག འདི་ནི་འཛམ་གླིང་ཐོག་ཨེ་ཙི་བ་ཆེས་མང་པའི་རྒྱལ་ཁབ་ཡིན་ནོ། །  
  འཛམ་གླིང་ཐོག་ཨ་རབ་དང་ཧྥེ་གླིང་། ནུབ་ཨེ་ཤ་ཡའི་ས་ཁུལ་ཏུ་ཁྱོ་གཅིག་ཤུག་མང་ལུགས་སུ་བྱེད་པའི་རྒྱལ་ཁབ་ད་དུང་ཡོད་དེ། དཔེར་ན། སེ་ནེ་ཀལ། ལི་པི་ཡ། མོ་རོ་ཁོ། སུའུ་ཏན། ཝུ་ཀན་ཏ། སུའེ་ཙི་ལན། སོ་ཏི་ཨ་རབ། ཨོ་མན། ཁ་ཐར། ཨེ་ཅིབ། སོ་མ་ལི། ཨེ་ཙེ་ཨོ་ཕི་ཡ། ཅོར་ཏན། པ་རེན། ཡེ་མིན། ཨ་ལེན་ཆི། ཨ་ཧྥེ་རི་ཁ་ལྷོ་མ་སོགས་སོ། དུས་ཀྱི་འགྲོས་དང་བསྟུན་ནས། དེང་རབས་རིག་གནས་ཀྱི་བཞུར་རྒྱུན་གྱིས་མྱགས་རུལ་དུ་སོང་བའི་སྲོལ་རྒྱུན་དང་ལུགས་འདི་དག་གཙང་བར་བྱ་ངེས།(རྩོམ་འགན་པ། ལྷ་དབང)
འབྲེལ་ཡོད་རྩོམ་ཡིག