ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

2022ལོའི་དགུན་དུས་ཨོ་རྩལ་ལ་པེ་ཅིང་དང་ཀྲང་ཡོན་དུ་དགའ་སྤྲོའི་རྣམ་པས་ཁེངས།

2015-08-03
   འདི་ནི་པེ་ཅིང་གི་གྲོང་མིས་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་དབང་ཐོབ་པར་དགའ་འབོད་བྱེད་བཞིན་པའི་གནས་ཚུལ་ཡིན་པ།
   སྐད་གསང་མཐོན་པོའི་གླུ་སྒྲ་རི་གྲོང་ནམ་མཁར་ཁྱབ། གནམ་ས་སྦིར་བའི་རྔ་སྒྲ་ཀྲང་ཡོན་ས་གཞིར་གྲགས། ཟླ་7ཚེས་31ཉིན་ཧོ་པེ་ཞིང་ཆེན་ཀྲང་ཅ་ཁུའོ་ཡིས་ཏ་ཅིང་མོན་ཐང་ཆེན་དུ“ཨོ་ལིམ་ཕིག་གི་སྙིང་སྟོབས་དར་སྤེལ་གཏོང་། དམངས་ཡོངས་ལུས་སྦྱོང་བྱེད་པའི་གྲུབ་འབྲས་མངོན”ཞེས་པས་བརྗོད་བྱ་གཙོ་བོ་བྱས་པའི་བྱེད་སྒོ་སྤེལ་ནས་པེ་ཅིང་གིས་ཀྲང་ཅ་ཁུའོ་དང་ལག་གདང་སྦྲེལ་ཏེ་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་རེ་ཞུར་གྲུབ་འབྲས་ཐོབ་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་རེད།
   གོང་ཚེས་ཉིན་གྱི་ཆུ་ཚོད་16དང་སྐར་མ་50ལ་བྱེད་སྒོ་དེ་ལོ་ཆུང་གདོང་ལེན་རུ་ཁག་གི་སྐད་གསང་མཐོན་པོའི་དུང་སྒྲའི་ཁྲོད་འགོ་ཚུགས་པ་རེད།
   དམངས་ཡོངས་ཀྱི་ལུས་སྦྱོང་གྲུབ་འབྲས་འགྲེམས་སྟོན་བྱེད་རིང་། སྤྲོ་སེམས་རབ་ཏུ་འཕེལ་བའི་ངང་རྐང་འཁོར་འཁོར་རྩལ་འཁྲབ་སྟོན་དང་། ཐང་ཆེན་ཞབས་བྲོ། ལ་ཏིང་ཞབས་བྲོ། ཁྲོམ་གཞུང་ཞབས་བྲོ། ཐའེ་ཅི་ཆོན། ཡོ་ག དྲག་རྩལ་སོགས་རེས་མོས་འཁྲབ་སྟོན་བྱས་ནས་ཀྲང་ཅ་ཁུའོ་ཡི་དམངས་ཡོངས་ཞུགས་པའི་ལུས་སྦྱོང་བྱེད་སྒོའི་གྲུབ་འབྲས་མངོན་པ་མ་ཟད། ཀྲང་ཅ་ཁུའོ་མི་དམངས་ཀྱིས་དགོན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་རེ་ཞུར་གྲུབ་འབྲས་ཐོབ་པར་སྨོན་འདུན་བཟང་པོ་ཞུ་ལུགས་ཀྱང་མངོན་པ་རེད།
   ཆུ་ཚོད་17དང་སྐར་མ་35ལ་མ་ལེ་ཞི་ཡའི་ཁྭ་ལ་ལུམ་ཕུར་འཚོགས་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ཐེངས་128པའི་ཚོགས་རའི་བརྙན་ལམ་དེ་ཏ་ཅིང་མོན་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ་ཡུལ་གྱི་བརྙན་ཤེལ་ཆེ་མོར་བསྟན་པ་རེད། ཆུ་ཚོད་17དང་སྐར་མ་57ལ་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧེ་ཡིས་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གཙོ་གཉེར་གྲོང་ཁྱེར་གྱི་ཐོབ་ཐང་ཐོབ་པའི་གྲོང་ཁྱེར་ནི་པེ་ཅིང་རེད་ཅེས་ཁྱབ་བསྒྲགས་བྱས། སྐབས་དེར་ཏ་ཅིང་མོན་ཐང་ཆེན་དུ་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། ཕོ་མོ་རྒན་གཞོན་ཚང་མས་ཕན་ཚུན་འཐམ་འཁྱུད་ཀྱིས་དགའ་འབོད་བྱས་ཏེ་ཐུན་མོང་ཐོག་དགའ་སྤྲོའི་དུས་དེའི་དཔང་པོ་བྱས་པ་དང་། པེ་ཅིང་གིས་ཀྲང་ཅ་ཁུའོ་དང་ལག་གདང་སྦྲེལ་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་རེ་ཞུར་གྲུབ་འབྲས་ཐོབ་པར་ཐུན་མོང་ཐོག་རྟེན་འབྲེལ་ཞུས་པ་རེད།
   ཁྲུང་ལིའི་གྲོང་ཁུལ་རྙིང་པ་དང་གྲོང་ཁུལ་གསར་པའི་སྦྲེལ་མཚམས་ཀྱི་ཐང་ཆེན་དུ་མི་རྣམས་དགའ་འཛོམས་བྱས་ནས་ལྒང་བུ་དང་ཕུག་རོན་གློད་ཅིང་། དབྱང་ཀོ་ཞབས་བྲོ་འཁྲབ་པ་དང་རྔ་བརྡུངས་ནས་དགའ་སྤྲོའི་དཔལ་ལ་རོལ།
   ཁྲུང་ལི་རྫོང་ཤིས་དབོན་ཙི་སློབ་ཆུང་ནས་ཐོན་མ་ཐག་ཡིན་པའི་ལོ་13ལ་སླེབས་པའི་ཧུང་ཡུང་ཧུའེ་ཡིས་གསར་འགོད་པར་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་རེ་ཞུ་བྱས་པར་བརྟེན་སློབ་གྲྭས་ན་ནིང་དགུན་དུས་ནས་གངས་ཤུད་གློད་སྟངས་སློབ་ཁྲིད་ནང་བཅུག་པ་དང་། སློབ་གྲྭའི་འགྲན་བསྡུར་ཁྲོད་རང་ཉིད་ལ་ཨང་དང་པོ་ཐོབ་བྱུང་། རང་ཉིད་གངས་ཤུད་གློད་རྒྱུར་དགའ་པོ་ཡོད། 2022ལོར་རང་ཉིད་ལོ་20ཏག་ཏག་སླེབས་ཀྱི་ཡོད་པས། སྐབས་དེར་དང་བླངས་པ་བྱེད་ངེས་ཡིན་ཞེས་བཤད་བྱུང་།
   ཁྲུའུ་ལིའི་གྲོང་མི་ཝང་ལི་ཆིན་གྱིས“2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་དབང་ཐོབ་པར་མི་དེ་བས་མང་བས་ཁྲུའུ་ལི་ཤེས་རྟོགས་བྱུང་བས་ཁྲུང་ལི་སྔར་བས་ལེགས་ལ་མགྱོགས་པའི་ངང་འཕེལ་རྒྱས་འགྲོ་ངེས་རེད”ཅེས་བཤད། 2002ལོར་ཝང་ལི་ཆིན་པེ་ཅིང་དུ་ལས་ཀར་འགྲོ་མྱོང་ཡོད་པ་དང་2008ལོར་སླར་ཡང་ཁྲུའུ་ལིར་ཕྱིར་ལོག་བྱས། ཁོང་གིས“ཁྲུང་ལིར་ཕྱིར་ལོག་བྱེད་སྐབས་དེར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་ཁོར་ཡུག་སྔར་བས་མཛེས་སུ་ཕྱིན་ནས་ལས་ཞུགས་ཀྱི་གོ་སྐབས་ཀྱང་སྔར་བས་མང་དུ་ཕྱིན་འདུག”ཅེས་བཤད།
   རིག་གནས་མ་རྩ་གཏོང་མཁན་ཝང་ཏུང་ཧྲེང་གིས་གསར་འགོད་པར་ལོ་གཅིག་གི་གོང་ཁྲུང་ལིར་མ་རྩ་བཏང་ནས་དེ་གར་ཀྲུང་གོའི་རིག་རྩལ་མཁས་ཅན་གྱི་དམངས་གཞས་འཚོལ་བསྡུའི་རྟེན་གཞི་འཛུགས་རྒྱུའི་གདམ་ག་བྱས་པ་དེ་གཙོ་བོ་ཁྲུང་ལིའི་ཁོར་ཡུག་གི་ལེགས་ཆ་དང་ས་བབ་ཀྱི་ལེགས་ཆར་བལྟས་པ་ཡིན་ཞེས་བཤད་བྱུང་།
   “2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་དབང་ཐོབ་པར་དགའ་སྤྲོ་ཚད་མེད་བྱུང་། གོམ་སྟབས་རྗེས་མར་དབྱིན་ཡིག་ཡག་པོ་སྦྱོང་བ་དང་གངས་ཤུད་ཀྱི་རྩལ་ནུས་མཐོ་རུ་གཏོང་རྒྱུ་ཡིན”ཞེས་ཁྲུང་ལི་རྫོང་དབན་ལུང་གངས་ཤུད་ར་བའི་རྩལ་སློབ་པ་ཀྲང་ཝུའེ་ཡིས་བཤད།
འབྲེལ་ཡོད་རྩོམ་ཡིག