ཟླ 7 ཚེས 19ཉིན་པེ་ཅིང་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོའི་འཛམ་གླིང་ཞོག་ཁོག་གི་ཚོགས་ཆེན་ཟླ་7ཚེས་28ནས་30བར་པེ་ཅིང་ཡན་ཆིང་རྫོང་དུ་འཚོག་རྒྱུ་ཡིན་པ་རེད། དེ་ནི་ཞོག་ཁོག་འབྲུ་རིགས་གཙོ་བོར་བྱས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་རིམ་འཕར་བྱས་རྗེས་ཀྱི་ཞོག་ཁོག་ལས་རིགས་ཀྱི་ཚོགས་འདུ་གཟབ་རྒྱས་ཐོག་མ་ཡིན་ལ། དུས་སྐབས་གསར་པར་རྒྱལ་སའི་གྲོང་ཁྱེར་གྱི་འཐབ་ཇུས་གནས་ངེས་དོན་འཁྱོལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་རྒྱལ་སྤྱིའི་སྤེལ་རེས་ལྟེ་གནས་དང་ཚན་རྩལ་ལས་གཏོད་ལྟེ་གནས་གཏོད་པའི་ཞིབ་ཕྲ་ལག་ལེན་ཡང་ཡིན་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། “འབྱུང་འགྱུར་ལ་ཁ་ཕྱོགས་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང”ཞེས་པས་བརྗོད་བྱ་གཙོ་བོ་བྱས་པའི་ད་ལོའི་འཛམ་གླིང་གི་ཞོག་ཁོག་ཚོགས་ཆེན་དེ་རྒྱལ་ཁབ་ཞིང་ལས་པུའུ་དང་པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་འཚོག་རྒྱུ་ཡིན་པ་དང་འགོ་ཚུགས་མཛད་སྒོ་དང་། རིག་གཞུང་ཚོགས་འདུ། ལས་རིགས་ལྟ་སྐོར་ཡོད་སོགས་ནང་ཚན་ཁག་ལྔ་ཚུད་ཡོད་པ་རེད། ཀྲུང་གོ་དང་། ཨ་རི། ཁ་ན་ཀྲ་སོགས་རྒྱལ་ཁབ་37ནས་སླེབས་པའི་འཛམ་གླིང་གི་ཞོག་ཁོག་ཐོན་ལས་ལག་རྩལ་དང་དེ་བཞིན་ཁྲོམ་རའི་རིགས་གཅིག་མཁས་ཅན་རྩེ་གྲ་ཡན་ཆིང་དུ་མཉམ་འཛོམས་ཀྱིས་ཞོག་ཁོག་གི་སྣ་ཁ་འདེམས་གསོ་དང་། འཛད་སྤྱོད། ཁྲོམ་ར་དང་དེ་བཞིན་ཞོག་ཁོག་འབྲུ་རིགས་གཙོ་བོར་འགྱུར་བ་སོགས་ཆེད་དོན་ཁྱབ་ཁོངས་ཆེ་ཁག་བཅུར་དམིགས་ཏེ་ཞིབ་འཇུག་དང་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད། དུས་མཚུངས་ད་དུང་་ཀྲུང་གོའི་རྒྱལ་སྤྱིའི་ཞོག་ཁོག་ཐོན་ལས་འགྲེམས་ཚོགས་སྐབས་དྲུག་པ་དང་ཀྲུང་གོའི་ཞོག་ཁོག་ཚོགས་ཆེན་སྐབས་བཅུ་བདུན་པ། ཞོག་ཁོག་འབྲུ་རིགས་གཙོ་བོར་བྱེད་པའི་ཐོན་རྫས། དེ་བཞིན་ཐོན་ལས་གསར་པའི་རྒྱལ་སྤྱིའི་ཞིབ་བསྡུར་ཚོགས་འདུ་འཚོགས་ནས“ཚོགས་འདུ་བཞི་ཟླ་སྒྲིལ”ཐོག་མར་གཏོང་རྒྱུ་ཡིན་པས་སྐབས་རིམ་བྱུང་གི་འཛམ་གླིང་ཞོག་ཁོག་ཚོགས་ཆེན་གྱི་གཞི་ཁྱོན་ཆེ་ཤོས་དང་ནང་དོན་ཕུན་སུམ་ཚོགས་ཤོས་ཀྱི་ཞོག་ཁོག་ལས་རིགས་ཀྱི་ཚོགས་འདུ་གཟབ་རྒྱས་ཤིག་ཏུ་འགྱུར་རྒྱུ་ཡིན་པ་རེད།
ཞོག་ཁོག་ནི་ཀྲུང་གོའི་འབྲུ་རིགས་བདེ་འཇགས་འགན་ལེན་གྱི་འབྲུ་རིགས་སྐྱེ་དངོས་གལ་ཆེན་ཞིག་ཡིན་ལ། ཞིང་པ་དབུལ་སྒྲོལ་འབབ་འཕར་གྱི་ཐོན་ལས་གལ་ཆེན་ཞིག་ཡིན་པ་དང་། སླད་ཕྱིན་མ་རྨོས་ལོ་ཏོག་དང་། ཆུ་འབྲས། གྲོ་བཅས་རྗེས་ཀྱི་ཀྲུང་གོའི་འབྲུ་རིགས་སྐྱེ་དངོས་ཆེ་གྲས་བཞི་པར་རིམ་བཞིན་འགྱུར་རྒྱུ་ཡིན་པ་རེད། རྒྱལ་ནང་གི་ཞོག་སོན་ཞིབ་འཇུག་དང་གསར་སྤེལ་གྱི་རྟེན་གཞི་ཆེ་ཤོས་ཡིན་པའི་ཡན་ཆིང་རྫོང་དུ་ལོར་ཞོག་ཁོག་ཆུང་གྲས་རྡོག་དུང་ཕྱུར་1.5ཐོན་གྱི་ཡོད་པ་དེས་རྒྱལ་ཡོངས་ཀྱི་སྤྱིའི་ཐོན་ཚད་ཀྱི་10%ཙམ་བཟུང་གི་ཡོད་པ་རེད། པེ་ཅིང་གི་ཚན་རྩལ་ལེགས་ཆ་དང་ཤེས་ལྡན་པའི་ལེགས་ཆར་བརྟེན་ནས་ཞོག་སོན་ནང་འདྲེན་དང་སོན་བཟང་འདེམས་གསོ་དང་ཁྱབ་སྤེལ་ཐད་ཡན་ཆིང་ལ་ལག་རྩལ་གྱི་སྟོབས་ཤུགས་ཆེན་པོ་ལྡན་ཡོད་པ་རེད།