ཟླ 7 པའི་ཚེས 9 ཉིན་སྤེལ་དོན། ཨ་རིའི་ལེ་སི་སློབ་ཆེན་དང་ཨ་རིའི་མཁའ་དམག་གི་ཉམས་ཞིབ་པས་རིག་ལྡན་ཁ་པར་ཐོག་མར་སྤྱོད་མཁན་དག་ལ་དུས་ཡུན་ལོ་གཅིག་རིང་ཞིབ་འཇུག་བྱས་པའི་འབྲས་བུ་ལ། སྤྱོད་མཁན་དག་གིས་རིག་ལྡན་ཁ་པར་གྱིས་ཁོ་རང་ཚོའི་སློབ་སྦྱོང་གི་ནུས་པར་གནོད་པ་ཐེབས་ཚུལ་ངོས་འཛིན་བྱས་ཡོད་འདུག
ཨ་རིའི་ཉིན་རེའི་ཚན་རིག་དྲ་ཚིགས་སུ 7 པའི་ཚེས 7 ཉིན་འཁོད་པ་ལྟར་ན། ཁ་བྱང་ལ《དགེ་རྒན་གྱིས་སྒོ་མོ་སྟོན། ཉམས་ལེན་རང་ལ་རག་ལས:མཐོ་རིམ་སློབ་གསོར་རིག་ལྡན་ཁ་པར་སྤྱོད་ཚུལ》ཞེས་པའི་ཞིབ་འཇུག་སྙན་ཞུ་ཞིག《ཨིན་ཇིའི་སློབ་གསོ་ལག་རྩལ་དུས་དེབ》གསར་ཤོས་སུ་འཁོད་ཡོད་འདུག
ཞིབ་འཇུག་སྙན་ཞུ་རྩོམ་མཁན་གྱི་ཡ་གྱལ་ལེ་སི་སློབ་ཆེན་གྱི་སེམས་ཁམས་རིག་པའི་ལག་རོགས་དགེ་རྒན་ཆེ་མོ་ཧྥེ་ལེབ་ཁོར་ཐོམ་གྱིས་བརྗོད་དོན། “རིག་ལྡན་ཁ་པར་གྱི་ལག་རྩལ་འཛམ་གླིང་ཁྲོམ་ར་འགྲོ་གི་ཡོད་པ་མ་ཟད། སློབ་ཆེན་མང་པོ་ཞིག་གི་ཁོར་ཡུག་ཏུ་རྒྱུན་ལྡན་ལྟ་བུ་ཆགས་ཚར་བ་རེད། ང་ཚོ་སྤྲོ་བ་ཡོད་ས་དེ། དེ་སྔ་རིག་ལྡན་ཁ་པར་བེད་སྤྱོད་གཏོང་མ་མྱོང་མཁན་གྱི་སློབ་མ་དག་གིས་རིག་ལྡན་ཁ་པར་གྱིས་ཁོ་ཚོའི་སློབ་སྦྱོང་ལ་ཤུགས་རྐྱེན་ག་འདྲ་ཞིག་ཐེབས་པར་ལྟ་བ་དེ་རེད”
ཞིབ་འཇུག་ལྟར་ན། བེད་སྤྱོད་མཁན་དག་གིས་དང་པོ་ཡིན་ན་འཁྱེར་བདེའི་སྒྲིག་ཆས་འདི་དག་གིས་ཁོ་ཚོའི་སློབ་སྦྱོང་ནུས་པ་ཇེ་ལེགས་སུ་གཏོང་བར་ཕན་ཐོགས་པ་དང་། ཁོ་ཚོའི་སྦྱང་ཚན་དང་ཡིག་ཚད་སྐབས་སུ་འབྲས་བུ་ཡག་པོ་ཞིག་ལེན་ཐུབ་སྙན་གྱི་འདུག་མོད། ཞིབ་འཇུག་མཇུག་སྒྲིལ་སྐབས་བེད་སྤྱོད་མཁན་གྱི་སྙན་ཞུ་རྦད་དེ་དེ་ལས་ལྡོག་པ་རེད་འདུག
ཉམས་ཞིབ་འདིར་ཞུགས་མཁན་གྱིས་དཔེར་ན་སྦྱང་ཚན་དང་ཡིག་ཚད། སྐར་གྲངས་སོགས་སློབ་སྦྱོང་འབྲེལ་བ་ཡོད་པའི་སྐོར་ལ་གདེང་འཇོག་གིས་སྐར་གྲངས་རྒྱག་དགོས་པ་དང་། ཁོ་ཚོས་ལན་བཏབ་པ་ནི་གཤམ་གསལ་ལྟར།(1 གིས་ཤིན་ཏུ་མི་འཐད་པ་དང་། 5 ཡིས་ཤིན་ཏུ་འཐད་པ་མཚོན)
●ངའི་ཀུ་ཤུ་ཁ་པར་གྱིས་མ་འོངས་པ/དེ་སྔ་ངའི་སྦྱང་འབྲས་ཇེ་མཐོར་འགྲོ་བར་ཕན་ཆེན་པོ་ཐོགས།——2010ལོར། ཆ་སྙོམས་སྐར་གྲངས3.71 ། 2011ལོར། ཆ་སྙོམས་སྐར་གྲངས1.54 །
●ངའི་ཀུ་ཤུ་ཁ་པར་གྱིས་མ་འོངས་པ/དེ་སྔ་སློབ་གྲྭ་དང་འབྲེལ་བའི་ལས་ཀའི་སྐོར་ངའི་རིག་པ་གཡེང་དུ་འཇུག——2010ལོར། ཆ་སྙོམས་སྐར་གྲངས1.91 ། 2011ལོར། ཆ་སྙོམས་སྐར་གྲངས4.03
●ངའི་ཀུ་ཤུ་ཁ་པར་གྱིས་མ་འོངས་པ/དེ་སྔ་ངའི་སྦྱོང་འབྲས་ཚོད་ལེན་ཁྲོད་ཕན་ཆེན་པོ་ཐོགས།——2010ལོར། ཆ་སྙོམས་སྐར་གྲངས3.88 ། 2011ལོར། ཆ་སྙོམས་སྐར་གྲངས1.68 །
●ངའི་ཀུ་ཤུ་ཁ་པར་གྱིས་མ་འོངས་པ/དེ་སྔ་ངའི་སྦྱོང་ཚན་ལེགས་པོར་འགྲུབ་ཏུ་འཇུག——2010 ལོར། ཆ་སྙོམས་སྐར་གྲངས 3.14 ། 2011ལོར། ཆ་སྙོམས་སྐར་གྲངས 1.49 །