ཤིན་ཧྭ་དྲ་བས་ཐེན་ཅིན་ནས་ཟླ༦པའི་ཕྱི་ཚེས༡༡ཉིན་གྱི་གློག་འཕྲིན་དུ། ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས། ཀྲོའུ་ཡུང་ཁང་གིས་ལྐོག་རྔན་བླངས་པ་དང་། དབང་ཆ་བྱུང་རྒྱལ་དུ་སྤྱད་པ། བསམ་བཞིན་དུ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་པ་བཅས་ཀྱི་ཉེས་མིང་ཐོག་གྱོད་དོན་དེར་འདྲི་གཅོད་ཐེངས་དང་པོའི་ཁྲིམས་ཐག་བཅད་འདུག ཀྲོའུ་ཡུང་ཁང་གིས་ལྐོག་རྔན་བླངས་པའི་བྱས་ཉེས་བསགས་པར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཅིང་ཚེ་གང་པོར་ཆབ་སྲིད་ཀྱི་དབང་ཆ་ལེན་རྒྱུ་མ་ཟད། མི་སྒེར་གྱི་རྒྱུ་ནོར་གཞུང་བཞེས་གཏོང་རྒྱུའི་ཆད་པ་བཅད་འདུག དབང་ཆ་བྱུང་རྒྱལ་སྤྱད་པའི་བྱས་ཉེས་བསགས་པར། དུས་བཀག་བཙོན་འཇུག་ལོ་བདུན་གྱི་ཁྲིམས་ཐག་བཅད་པ། བསམ་བཞིན་དུ་རྒྱལ་ཁབ་ཀྱི་གསང་རྒྱ་ཕྱིར་བསྒྲགས་པར། དུས་བཀག་བཙོན་འཇུག་ལོ་བཞི་ཡི་ཁྲིམས་ཐག་བཅད། གོང་གི་བྱས་ཉེས་གསུམ་ལ་སྟབས་གཅིག་ཏུ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ནས་ཚེ་གང་པོར་ཆབ་སྲིད་ཀྱི་དབང་ཆ་ལེན་རྒྱུ་མ་ཟད། མི་སྒེར་གྱི་རྒྱུ་ནོར་གཞུང་བཞེས་ཀྱི་ཉེས་ཆད་གཅོད་རྒྱུ་ཐག་བཅད་འདུག་པ་དང་། ཀྲོའུ་ཡུང་ཁང་གིས་ཁྲིམས་ཁང་ནས་ཁྲིམས་ཆད་དང་ལེན་གྱིས་གོང་གཏུག་བྱེད་རྒྱུ་མིན་ཚུལ་བསྟན་འདུག
ཀྲོའུ་ཡུང་ཁང་ལ་ཁྲིམས་ཐག་བཅད་པའི་གནད་དོན་སྐོར། ངེད་དྲ་བས་ཁྲིམས་ལུགས་རིག་པའི་ཆེད་མཁས་ཧུའུ་ཧྥ་ཐེན་ལ་བཀའ་འདྲི་ཞུས་པར།
༡ དྲ་བའི་རྩོམ་སྒྲིག་པ། ཀྲོའུ་ཡུང་ཁང་གི་འདྲི་གཅོད་ལས་རིམ་ཁག་ཅིའི་ཕྱིར་གསང་བའི་ངང་སྤེལ་བ་རེད།
ཝུའུ་ཧྥ་ཐེན། ཁོའི་བྱས་ཉེས་དེ་རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་ཡོད་པས། འབྲེལ་ཡོད་གཏན་འཁེལ་ལྟར་གསང་བའི་ལམ་ནས་འདྲི་གཅོད་བྱས་པ་རེད། དེ་ཡང་གསལ་བཤད་བྱེད་དགོས་པ་ཞིག་ལ། ཕྱི་གསལ་ནང་གསལ་ངང་འདྲི་གཅོད་བྱེད་དགོས་ཚེ་ཉིན་གསུམ་རིང་སྤྱི་བསྒྲགས་བྱེད་དགོས་པ་དང་། གསང་བའི་ལམ་ནས་འདྲི་གཅོད་བྱེད་ན་དེ་འདྲའི་གཏན་འཁེལ་ཡོད་པ་མ་རེད།
༢ དྲ་བའི་རྩོམ་སྒྲིག་པ། ཀྲོའུ་ཡུང་ཁང་ལ་ཅིའི་ཕྱིར་སྲོག་ཁྲིམས་མ་བཅད་པ་རེད།
ཝུའུ་ཧྥ་ཐེན། ཀྲོའུ་ཡུང་ཁང་གིས་ལྐོག་རྔན་བླངས་པ་དང་། དབང་ཆ་བྱུང་རྒྱལ་དུ་སྤྱད་པ། བསམ་བཞིན་དུ་རྒྱལ་ཁབ་ཀྱི་གསང་རྒྱ་ཕྱིར་བསྒྲགས་པ་བཅས་བྱས་ཉེས་གསུམ་བསགས་ཡོད་འདུག
དེ་ཡང་ལྐོག་རྔན་བླངས་པའི་བྱས་ཉེས་ལ་སྲོག་ཁྲིམས་བཅད་ཆོག་ནའང་། འདྲི་གཅོད་ཀྱི་གོ་རིམ་ཁྲོད། ཀྲོའུ་ཡུང་ཁང་གིས་རང་སྐྱོན་དྲང་བོར་བརྗོད་འདུག་པ་དང་། བྱས་ཉེས་ངོས་ལེན་གྱི་རྣམ་འགྱུར་ལེགས་པ། མ་ཟད་གསར་ལམ་དུ་གླེང་བའི་ལྐོག་རྔན་དང་ཉེ་མི་དག་གིས་ལྐོག་རྔན་བླངས་པའི་གནས་ཚུལ་ནི་གནད་དོན་བྱུང་རྗེས་ད་གཟོད་རྟོགས་པ་ཡིན་ལ། གྱོད་དོན་བྱུང་རྗེས་ཉེ་མི་དག་ལ་ལྐོག་རྔན་ཡོད་ཚད་གོང་རིམ་ལ་རྩིས་སྤྲོད་བྱེད་པར་སྐུལ་བ་སོགས་བཅའ་ཁྲིམས་ཀྱི་གཏན་འབེབས་སམ་གནས་ཚུལ་དངོས་ལ་གཞིགས་ཆོག་པའི་གནས་ཁ་ཤས་ཡོད་པས། བཅའ་ཁྲིམས་དང་གནས་བབ་དངོས་གཞིར་བཟུང་ན་ཁྲིམས་ཆད་ཇེ་ཡང་དུ་བཏང་ཆོག་པ་དང་། ཚེ་བཙོན་བཅད་པ་དེ་ཡང་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མཐུན་པ་རེད།
དབང་ཆ་བྱུང་རྒྱལ་དུ་སྤྱད་པའི་ཐད་ནས། ཀྲོའུ་ཡུང་ཁང་གི་བྱས་ཉེས་ཤིན་ཏུ་ཚབས་ཆེན་ཡིན་པས་ལོ་བདུན་གྱི་ཁྲིམས་ཐག་བཅད་འདུག དེ་ཡང་བཅའ་ཁྲིམས་ཀྱི་བཅད་ཐིག་ཀྱང་ཆེས་མཐོ་ནའང་ལོ་བདུན་ཡིན་པས། ཀྲོའུ་ཡུང་ཁང་གི་བཙོན་ཚད་ནི་ཆེས་མཐོ་ཤོས་སུ་སླེབས་ཡོད་པ་རེད།
བསམ་བཞིན་དུ་རྒྱལ་ཁབ་ཀྱི་གསང་རྒྱ་ཕྱིར་བསྒྲགས་པའི་བྱས་ཉེས་ཐད། སྤྱིར་བཏང་དུས་བཀག་བཙོན་འཇུག་ལོ་གསུམ་མན་གྱི་ཁྲིམས་ཐག་གཅོད་པ་དང་། ཤིན་ཏུ་ཚབས་ཆེན་ཡིན་ན་ལོ་གསུམ་ནས་བདུན་རིང་བཙོན་འཇུག་བྱེད་པ་རེད། དེ་ཡང་ཤིན་ཏུ་ཚབས་ཆེན་ཞེས་པ་ནི་གསང་རྒྱ་ཕྱིར་ཤོར་པ་དེས་རྒྱལ་ཁབ་ལ་གྱོང་གུད་ཚབས་ཆེན་བཟོས་པར་ངོས་འཛིན་བྱེད་དགོས། གྱོད་གཞི་འདིར་གཞིགས་ན་ཀྲོའུ་ཡུང་ཁང་གིས་རྒྱལ་ཁབ་ཀྱི་གསང་རྒྱའི་སྐོར་ཚའོ་ཡུང་ཀྲུན་ལ་བལྟ་རུ་བཅུག་མོད། དེས་རྒྱལ་ཁབ་ལ་གྱོང་གུད་ཆེན་པོ་ཐེབས་མེད་པས་ན། དུས་ཡུན་ལོ་བཞི་ཡི་བཙོན་ཐག་བཅད་པ་དེ་ཡང་བཅའ་ཁྲིམས་ཀྱི་གཏན་འཁེལ་དང་མཐུན་པ་རེད།
༣ དྲ་བའི་རྩོམ་སྒྲིག་པ། ཀྲོའུ་ཡུང་ཁང་ལ་ཅིའི་ཕྱིར་ཚེ་བཙོན་བཅད་པ་རེད།
ཝུའུ་ཧྥ་ཐེན། རང་རྒྱལ་གྱི་རྩ་ཁྲིམས་སུ་ཚེ་བཙོན་དང་། སྲོག་ཁྲིམས་སོགས་གཅོད་དགོས་ཚེ་ཉེས་བ་མང་པོར་སྟབས་གཅིག་ཏུ་འཐུས་ནས་ཐག་གཅོད་པའི་རྩ་དོན་གཞི་འཛིན་དགོས་པ་རེད། གྱོད་གཞི་འདིར་གཞིགས་པ། ལྐོག་རྔན་བླངས་པར་ཚེ་བཙོན་དང་། དབང་ཆ་བྱུང་རྒྱལ་དུ་སྤྱད་པར་དུས་ཡུན་ལོ་བདུན་གྱི་བཙོན་འཇུག བསམ་བཞིན་དུ་རྒྱལ་ཁབ་ཀྱི་གསང་རྒྱ་ཕྱིར་བསྒྲགས་པར་དུས་ཡུན་ལོ་བཞིའི་བཙོན་འཇུག་བྱས་འདུག དེ་དག་ཁྲོད་ཚེ་བཙོན་གཅིག་ཡོད་ཚེ་ལོ་བཞི་དང་ལོ་བདུན་གྱི་དུས་བཀག་བཙོན་འཇུག་དེའི་ནང་དུ་འཐུས་པར་བྱས་ཡོད་པས། ཚེ་བཙོན་བཅད་པ་དེ་ཡང་འགྲིག་ཡོད་པ་རེད།(རྩོམ་འགན་པ། རྟ་མགྲིན)