ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གིས་ཤིན་ལང་ཀུང་སིའི་འགན་འཁུར་བ་དང་ཁ་ཆད་གླེང་མོལ་བྱས།

2015-04-13
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་དྲ་དམངས་ཀྱིས་ཐེར་འདོན་གོང་ཞུ་མང་པོ་བྱས་ཤིང་། ཁྲིམས་འགལ་གནད་དོན་འབུར་དུ་ཐོན་པའི་ཤིན་ལང་ཀུང་སིར་རྒྱལ་ཁབ་དྲ་བའི་ཆ་འཕྲིན་གཞུང་ལས་ཁང་གི་འབྲེལ་ཡོད་ལས་སྒོ་ཅུས་དང་དེ་བཞིན་པེ་ཅིང་གྲོང་ཁྱེར་དྲ་བའི་ཆ་འཕྲིན་གཞུང་ལས་ཁང་གི་འགན་འཁུར་བས་ཀུང་སི་དེའི་འགན་འཁུར་བ་དང་མཉམ་འབྲེལ་ཐོག་ཁ་ཆད་གྲོས་མོལ་བྱས་པ་རེད།
   རྒྱལ་ཁབ་དྲ་བའི་ཆ་འཕྲིན་གཞུང་ལས་ཁང་གི་འབྲེལ་ཡོད་ལས་སྒོ་ཅུས་ཀྱི་འགན་འཁུར་བས་2015ལོ་ནས་བཟུང་དྲ་རྒྱའི་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་གོང་ཞུ་ལྟེ་གནས་ལ་ཤིན་ལང་སྐོར་གྱི་ཐེར་འདོན་གོང་ཞུ་6038འབྱོར་བའི་ནང་ཟླ་བཞི་པའི་ཚེས་8ཉིན་བར་ཐེར་འདོན་གོང་ཞུ་1227འབྱོར་ནས་དྲ་ཚིགས་གཙོ་བོའི་གྲས་ནང་ཐེར་འདོན་གོང་ཞུ་འབྱོར་མང་ཤོས་སུ་གྱུར་ཡོད། ཐེར་འདོན་གོང་ཞུའི་ནང་དཀྲོག་གཏམ་བརྒྱུད་བསྒྲགས་དང་། འཇིགས་གཏུམ། ཆགས་སྲེད། ཁ་བསླུས། ཆོས་ལོག་པ་ཁྱབ་བསྒྲགས་སོགས་ཀྱི་ཁྲིམས་འགལ་ཆ་འཕྲིན་དང་དེ་བཞིན་དོན་དངོས་འཁྱོག་བཤད་བྱེད་པ་དང་། སྤྱི་ཚོགས་ཀྱི་སྤྱོད་བཟང་ལས་རྒྱབ་འགལ་བྱེད་པ། མ་རབས་ཐ་ཤལ་གྱི་ཆ་འཕྲིན་འུད་སྒྲོག་བྱེད་པ་སོགས་ཀྱི་བྱེད་སྤྱོད་གཅིག་ཏུ་སྡུད་ཡོད། གཞན་ཡང་ཤིན་ལང་ལ་ཁྲིམས་འགལ་ངང་གསར་འགྱུར་ཆ་འཕྲིན་བཀོད་པ་དང་། རྩིས་ཨང་ལ་ཞིབ་དཔྱད་ནན་པོ་མི་བྱེད་པ། དོན་དངོས་མིན་པའི་ཆ་འཕྲིན་བརྒྱུད་བསྒྲགས་བྱེད་པ་སོགས་ཀྱི་གནད་དོན་ལྷག་ཡོད་པས་དྲ་རྒྱ་བརྒྱུད་བསྒྲགས་ཀྱི་རྒྱུན་གཏན་གོ་རིམ་ལ་གཏོར་བཤིག་བཏང་བ་དང་སྤྱི་པའི་ཁེ་ཕན་ལ་བཙན་གནོད་བྱས་ནས་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོས་ཡོད་ཅེས་བཤད་པ་རེད།
   རྒྱལ་ཁབ་དྲ་བའི་ཆ་འཕྲིན་གཞུང་ལས་ཁང་གི་འབྲེལ་ཡོད་ལས་སྒོ་ཅུས་ཀྱི་འགན་འཁུར་བས་ད་ཐེངས་ཁ་ཆད་གྲོས་མོལ་བྱས་ནས་ཤིན་ལང་ལ《དྲ་སྦྲེལ་ཆ་འཕྲིན་ཞབས་ཞུའི་དོ་དམ་བྱ་ཐབས》དང《དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་དོ་དམ་གཏན་འབེབས》གཞིར་བཟུང་བཅོས་སྒྲིག་བྱས་ནས་ནང་ཁུལ་གྱི་དོ་དམ་དང་གཅུན་སྡོམ་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་ཡིན། གལ་སྲིད་བཅོས་སྒྲིག་བྱས་པ་དེ་བླང་བྱ་དང་མི་འཚམ་པའམ་ཡང་ན་བཅོས་སྒྲིག་བྱེད་རིང་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་སྔར་བཞིན་ཐོན་ཚེ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་དང་དེའི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་གྱི་ཞབས་ཞུ་ཁྲིམས་ལྟར་བྱེད་མཚམས་འཇོག་རྒྱུ་ཡིན་ཞེས་བཤད་པ་རེད། ཤིན་ལང་ཀུང་སིའི་འགན་འཁུར་བས་གནད་དོན་ལ་དམིགས་ནས་བཅོས་སྒྲིག་ཡག་པོ་བྱེད་པ་དང་། ནང་ཁུལ་གྱི་ཞིབ་དཔྱད་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཁྲིམས་ལ་ནན་པོར་གཞིགས་ནས་ཞབས་ཞུ་བྱེད་པ་བཅས་བྱས་ནས་དྲང་ནུས་བརྒྱུད་བསྒྲགས་ཧུར་ཐག་བྱས་ཏེ་དྲ་རྒྱའི་སྨྱན་སྦྱོར་ཚན་པའི་སྤྱི་ཚོགས་ཀྱི་འགན་འཁྲི་ཏན་ཏིག་ངང་འཁུར་རྒྱུ་ཡིན་ཞེས་བཤད་པ་རེད།
   རྒྱལ་ཁབ་དྲ་བའི་ཆ་འཕྲིན་གཞུང་ལས་ཁང་གི་འབྲེལ་ཡོད་ལས་སྒོ་ཅུས་ཀྱི་འགན་འཁུར་བས་རྒྱལ་ཁབ་དྲ་བའི་ཆ་འཕྲིན་གཞུང་ལས་ཁང་གིས་ཤིན་ལང་གི་ཁྲིམས་འགལ་གནད་དོན་ལ་ཁྲིམས་ལྟརཉེས་ཆད་འགེལ་ཐོག་གསར་འགྱུར་རིགས་ཀྱི་དྲ་ཚིགས་དང་དྲ་ཞུགས་མཐའ་སྣེར་རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ལས་རིགས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད། རྒྱ་ཆེའི་དྲ་དམངས་ཀྱིས་ལྟ་སྐུལ་དང་ཐེར་འདོན་གོང་ཞུར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་དྲ་བའི་ཁོར་ཡུག་གཙང་མ་ཞིག་ཐུན་མོང་ཐོག་གཏོད་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན། དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་གོང་ཞུ་ལྟེ་གནས་ཀྱི་དྲ་ཚིགས་ནི་www.12377.cnདང་། ཐེར་འདོན་གོང་ཞུའི་ཁ་པར་ནི་12377 ཐེར་འདོན་གོང་ཞུའི་གློག་རྡུལ་ཡིག་སྒམ་ནི་jubao@12377.cnབཅས་རེད་ཅེས་ཤོད་ཀྱི་འདུག(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག