ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

རྒན་ཡོལ་ཞུ་བའི་ལོ་ཚད་རིམ་གྱིས་ནར་འགྱངས་གཏོང་རྒྱུ་ཡིན་འདུག

2015-03-13
  སྲིད་གྲོས་ཀྱི་ཨུ་ཡོན་གྱིས་དམངས་འཚོ་ལེགས་སུ་གཏོང་རྒྱུ་དང་སྤྱི་ ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་མ་གཏོང་རྒྱུའི་སྐོར་གླེང་བ། ཟླ་3ཚེས་11ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པས་གསར་འགོད་པའི་ཚོགས་འདུ་འཚོགས་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུའུ་ཝུའེ་ཆུན་དང་། ཧོང་ཅི་ཧྥུའུ། ཧུའུ་ཞའོ་དབྱི། ལི་ཡན་ཧུང་། ཡུས་མའེ་ཧུང་སོགས་ཀྱིས“དམངས་འཚོ་ལེགས་སུ་གཏོང་རྒྱུ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་མ་གཏོང་རྒྱུའི་སྐོར”ལ་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
 
ད་ཆ་རྒན་གསོ་འགན་བཅོལ་ཐད་གཏོང་སྒོ་ལས་ཡོང་སྒོ་མང་བས་རྒན་ཡོལ་ཞུ་བའི་ལོ་ཚད་རིམ་གྱིས་ནར་འགྱངས་བྱ་རྒྱུ་ཡིན་པ་རེད།
   ཚོགས་འདུའི་ཐོག་རྒན་གསོ་འགན་བཅོལ་གྱི་ཐེབས་རྩའི་གཏོང་ཡོང་དོ་མཉམ་ཡོང་མིན་ལ་དམིགས་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་པུའུ་ཀྲང་གཞོན་པ་ཧུའུ་ཞའོ་དབྱིས་ན་ནིང་རྒྱལ་ཡོངས་ཀྱི་ལས་བཟོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི(ལས་ཞུགས་མི་བྱེད་མཁན་གྱི་ཚོགས་སྤྱི)མ་ཚུད་པའི་རིགས་ལ་རྒན་གསོ་འགན་བཅོལ་ཐད་ཡོང་སྒོ་སྒོར་དུང་ཕྱུར་25300དང་གཏོང་སྒོ་སྒོར་དུང་ཕྱུར་21700ཟིན་ཡོད། རྒྱལ་ཡོངས་ནས་བལྟས་ཚེ། གཏོང་སྒོ་ལས་ཡོང་སྒོ་ཆེ་བ་བྱུང་ནས་གཏོང་ཡོང་ལྷག་གྲངས་སྒོར་དུང་ཕྱུར་3500ལྷག་ཙམ་ཟིན་ནའང་། ཞིང་ཆེན་གསུམ་ལ་དུས་མཚུངས་ཀྱི་གཏོང་ཡོང་དོ་མི་སྙོམས་པ་བྱུང་ནས་སྔོན་མའི་ལྷག་གྲངས་ཀྱི་ཐེབས་རྩ་སྤྱོད་དགོས་ཐུག་ཡོད་ཅེས་ལན་བཏབ།
   དེའི་རྒྱུ་རྐྱེན་གཙོ་བོ་ནི། གཅིག་ནས་རང་རྒྱལ་གྱི་ས་ཁུལ་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཧེ་བག་ཆེ་བ་དང་། གཉིས་ནས་རང་རྒྱལ་ལ་རྒན་རྒོན་མང་དུ་འགྲོ་ཤུགས་ཆེ་བས། 2013ལོར་རྒྱལ་ཡོངས་ལ་རྒན་རྒོན་མང་དུ་འགྲོ་ཚད་14.9%དང་། 2014ལོར་ཐོག་མའི་གྲངས་གཞི་15.5%ཟིན་ཏེ་དེ་ལྟར་རྒྱུན་མཐུད་ན་2050ལོར་སླེབས་སྐབས་ལས་བཟོ་1.3གྱིས་རྒན་ཡོལ་ཞུ་མཁན་རེ་གསོ་དགོས་པའི་ཚད་དུ་སླེབས་ནས་འགྲན་སློང་ཛ་དྲག་པོ་འོང་རྒྱུ་ཡིན་པ། གསུམ་ནས་དཔལ་འབྱོར་འཕར་ཚད་འབྲིང་སྟོད་ཀྱི་རྒྱུན་རྣམ་གསར་པར་སླེབས་ཏེ་རྒན་གསོ་འགན་བཅོལ་ཐད་འགྱུར་བ་མི་གཏོང་བའི་ཕན་བདེ་སྤྲོད་རྒྱུ་མུ་མཐུད་གནས་པ་བཅས་ཡིན།
   གནད་དོན་དེ་དག་སེལ་བའི་ཐད་ཧུའུ་ཞའོ་དབྱིས་བྱ་ཐབས་སྣ་མང་མཉམ་སྤྱོད་བྱ་རྒྱུ་ཡིན་ལུགས་བརྗོད་པ་སྟེ། གཅིག་ནས་སྤྱི་ཚོགས་འགན་བཅོལ་གྱི་ཁེབས་རྒྱ་མུ་མཐུད་ཆེ་རུ་བཏང་ནས་བསྙེན་བཀུར་གྱི་བསྡུར་ཚད་འཐུས་ཚང་ཡོང་བའི་སྒོ་ནས་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞི་བཏོན་ནས་2020ལོར་མ་སླེབས་གོང་སྤྱིར་ན་བསྒྲུབ་ཐུབ་པ་བྱ་རྒྱུ་དང་། གཉིས་ནས་གཅིག་འདོམས་བང་རིམ་མཐོ་རུ་བཏང་ནས་ལས་བཟོའི་རྒན་གསོ་འགན་བཅོལ་གྱི་གཞི་རྩའི་རྒན་གསོའི་དངུལ་རྒྱལ་ཡོངས་གཅིག་འདོམས་བྱེད་པའི་སྔོན་ཇུས་བཟོ་རྒྱུ། གསུམ་ནས་གསོག་དངུལ་མ་འཇོག་བྱས་ནས་འཁོར་སྐྱོད་ཡོང་བ་བྱ་རྒྱུ། བཞི་ནས་མ་དངུལ་གྱི་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ། ལྔ་ནས་རྒན་ཡོལ་ཞུ་བའི་ལོ་ཚད་རིམ་བཞིན་ནར་འགྱངས་བྱ་རྒྱུ་བཅས་ཡིན།
 
ཕྱིས་འབྱུང་མི་རིགས་ཀྱི་ལས་དོན་ཐད་འགྲོ་འོང་དང་། སྤེལ་རེས། འབྲེལ་འདྲེས་སྔར་ལས་ལྷག་པ་ཡོང་བ་བྱ་རྒྱུ་ཡིན་པ།
   ཚོགས་འདུའི་ཐོག་གསར་འགོད་པས“ཀྲུང་གོ་སྲིད་གཞུང་གིས་མི་རིགས་སྲིད་ཇུས་ཐད་ལེགས་སྒྲིག་ཆེན་པོ་བྱེད་དམ”ཞེས་དྲིས་པར་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཀྲུའུ་ཝུའེ་ཆུན་གྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་60ལྷག་ཙམ་སོང་བའི་ལག་ལེན་ལས། ང་ཚོའི་མི་རིགས་ཀྱི་སྲིད་ཇུས་སྤྱིར་ན་ཡང་དག་པ་དང་གྲུབ་འབྲས་ལྡན་པ་ཞིག་ཡིན་པ་ར་འཕྲོད་བྱུང་ཡོད། དེས་གྲངས་ཉུང་མི་རིགས་རང་ཁྱིམ་རང་བདག་བྱུང་བ་དང་། དཔལ་འབྱོར་ཡར་རྒྱས། དམངས་འཚོ་ལེགས་གཏོང་དང་རང་མི་རིགས་ཀྱི་རིག་གནས་ཁྱད་ཆོས་སྲུང་སྐྱོང་བྱེད་པའི་འདུན་པ་བསྐངས་པ་དང་ཆབས་ཅིག་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལྡན་པ་མཚོན་པས“ང་ཚོས་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་མཐའ་འཁྱོངས་བྱ་རྒྱུ་ཡིན”ཞེས་བཤད།
   ཡིན་ནའང་ཀྲུའུ་ཝུའེ་ཆུན་གྱིས་ད་ཆ་གྲངས་ཉུང་མི་རིགས་ས་ཁུལ་གྱི་མང་ཚོགས་མང་པོ་ཞིག་སྲོལ་རྒྱུན་གྱི་འདུས་སྡོད་ཁུལ་ནས་བྲལ་བས། རགས་རྩིས་བྱས་ན། ད་ཆ་གྲངས་ཉུང་མི་རིགས་གྲོང་ཁྱེར་དང་མི་རིགས་འདུས་སྡོད་ཁུལ་ལ་འཚོ་བ་སྐྱེལ་མཁན་མི་འབོར་དེ་གྲངས་ཉུང་མི་རིགས་བསྡོམས་འབོར་གྱི་གསུམ་ཆ་གཅིག་ལས་བརྒལ་ཡོད་ཅེས་བརྗོད།
   “དེ་ནི་འཕེལ་ཕྱོགས་བཟང་པོ་ཞིག་ཡིན་པས་དེས་ང་ཚོའི་མི་རིགས་ལས་དོན་གྱི་གཙོ་གནད་ཐད་འགྱུར་ལྡོག་འགྲོ་དགོས་པ་བསྟན་ཡོད”ཅེས་ཀྲུའུ་ཝུའེ་ཆུན་གྱིས་དེ་ལྟར་བཤད་ཅིང་། ཁོང་གིས་ཕྱིས་འབྱུང་མི་རིགས་ལས་དོན་ཁྲོད་ཀྲུང་ཧྭ་མི་རིགས་མཉམ་མཐུན་དང་གཅིག་མཐུན་ཡིན་ལུགས་དང་མི་རིགས་ཁག་གིས་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཅས་ལ་ངོས་འཛིན་གཅིག་མཐུན་ཡོང་བ་བྱ་རྒྱུ་ནན་བཤད་ཡང་ཡང་བྱེད་དགོས་པ་མ་ཟད། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། འབྲེལ་འདྲེས་ཡོང་རྒྱུར་སྔར་བས་ནན་བཤད་བྱེད་དགོས། “འབྲེལ་འདྲེས་བྱས་པ་དེས་རང་རེའི་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཀྱི་ལེགས་ཆ་མི་རིགས་ཚང་མར་ཐུན་མོང་ལ་བདག་པ་དང་མཉམ་དུ་སྤྱོད་རྒྱུ་ཡོང་བ་དེས་ཕྱིས་འབྱུང་མི་རིགས་ཀྱི་ལས་དོན་ལ་གཙོ་གནད་དམ་ཡང་ན་སྤྱི་ཡོངས་ཀྱི་འགྲོ་ཕྱོགས་བསྟན་ཡོད”ཅེས་བརྗོད།
   སྤྱི་ཚོགས་ཐོག་ཀུན་གྱིས་དོ་སྣང་བྱེད་པའི་ཏཱ་ལའི་གནད་དོན་སྐོར་ལ། ཀྲུའུ་ཝུའེ་ཆུན་གྱིས་བོད་ཇེ་ཡག་ཏུ་འགྲོ་བ་དེ་ཏཱ་ལ་རྒྱལ་སྤྱིའི་ཐོག་འགྲོ་མི་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཡིན། ཉེ་བའི་ལོ་ཤས་རིང་ཏཱ་ལས་རྒྱལ་སྤྱིའི་ཐོག་འཁྱམས་མྱུལ་ངན་འབྲེལ་བྱས་པས་རྒྱལ་སྤྱིའི་ཐོག་འགོ་ཁྲིད་འགའ་ཚུད་པའི་ཐུག་འཕྲད་བྱེད་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་ལ་རྒྱལ་སྤྱིའི་གསར་འགྱུར་ལས་རིགས་ཁྲོད་ཏཱ་ལར་དོ་ཁུར་བྱེད་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཡང་སྲིད་འོང་རྒྱུ་མིན་པ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་ཏཱ་ལའི་སྐྱེ་ཕྲེང་མཚམས་འཇོག་བྱ་རྒྱུ་ཡིན་ལུགས་བཤད་པའི་སྐོར་ལ། ཀྲུའུ་ཝུའེ་ཆུན་གྱིས་དེ་ནི་ཆབ་སྲིད་དང་ཆོས་ལུགས་གཉིས་ཀར་རྒྱབ་གཏོད་བྱས་པ་ཞིག་ཡིན་པ་སྟེ། ཆབ་སྲིད་ཐོག་དེ་ནི་མེས་རྒྱལ་ལ་རྒྱབ་གཏོད་བྱས་པ་ཞིག་དང་། ཆོས་ལུགས་ཐད་བོད་བརྒྱུད་ནང་བསྟན་དང་ཏཱ་ལ་སྐུ་ཕྲེང་རིམ་བྱོན་ལ་རྒྱབ་གཏོད་བྱས་པ་ཞིག་རེད། ལྷ་སར“3·14”དོན་རྐྱེན་ཐོན་ཡང་བོད་ཀྱི་དུས་བབ་རྒྱུན་བསྲིང་བརྟན་ལྷིང་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་གཏོར་བཤིག་ལ་ཕམ་ཉེས་ཡང་ཡང་བྱུང་ནས་མཐར་འཁྲབ་རྒྱུ་གང་ཡང་མ་ལྷག་པར་གྱུར་པ་མ་ཟད། ཐ་ན་ཏཱ་ལས་རང་ཉིད་ཀྱི་ཆོས་ལུགས་མཚན་གནས་སྦིར་སྒྲོག་བྱས་ཏེ་འཛམ་གླིང་སྐྱེ་བོ་ཀུན་གྱི་བློ་འགུགས་ཐབས་བྱས་པ་དེ་ཐོག་ནས་རུ་ཚོགས་པ་དེར་མདུན་ལམ་གང་ཡང་མེད་པ་མཚོན་གྱི་ཡོད་ཅེས་བརྗོད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག