ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཤིན་ཅང་དུ། ཚོང་ཁང་ནས་ཁ་པར། གློག་ཀླད་ཉོ་དུས་དངོས་མིང་ཐོ་འགོད་བྱེད་དགོས།

2015-01-29 ཟླ་བ།
  ཡ་ཞིན་དྲ་བ་རུ་སྤེལ་བའི་གནས་ཚུལ་ལྟར་ན། དེང་ཕྱིན་ཆད་ཤིན་ཅང་དུ་ཁ་པར་རམ་དེ་འབྲེལ་གློག་རྡུལ་ཐོན་རྫས་ཉོ་བ་ལ་དངོས་མིང་ཐོ་འགོད་བྱེད་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད་འདུག ཉེ་ཆར། 《ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཁ་པར་དང་འབྲེལ་ཡོད་གློག་རྡུལ་ཐོན་རྫས་ཚོང་རའི་ལྟ་རྟོག་དོ་དམ་བྱེད་ཐབས》བཏོན་པའི་ནང་། ཁ་པར་དང་དེ་འབྲེལ་གློག་རྡུལ་ཐོན་རྫས་ཚོང་ར་འཛུགས་མཁན་དང་གཉེར་མཁན་གྱིས་ཕྱིར་ཚོང་ཆ་འཕྲིན་དངོས་མིང་ཐོ་འགོད་ལམ་ལུགས་ལག་བསྟར་བྱེད་དགོས་པ་སྟེ། ཉིས་བརྒྱུད་ཁ་པར(གློག་ཀླད)ཉོ་ཚོང་བྱེད་དུས་ཞིབ་བཤེར་དང་དངོས་མིང་ཐོ་འགོད་ཀྱི་ལམ་ལུགས་ལག་བསྟར་དགོས་ཚུལ་སྐོར་བཀོད་འདུག 《བྱེད་ཐབས》འདི་བསྒྲགས་པའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
 
  ཁྲིམས་འགལ་གནོད་ཆེའི་ཆ་འཕྲིན་བརྒྱུད་སྤེལ་འགོག་པ།
  རང་སྐྱོང་ལྗོངས་བཟོ་ཚོང་ཅུད་དང་རིག་གནས་ཐིང་། སྤྱི་བདེ་ཐིང་། གསར་འགྱུར་དཔེ་སྐྲུན་ཅུད(པར་དབང་ཅུད) མི་རིགས་ལས་དོན་ཨུ་ལྷན(ཆོས་ལུཊ་ཅུད) སྡོད་ཁང་དང་གྲོང་དང་གྲོང་གསེབ་འཛུགས་སྐྲུན་ཐིང་སོགས་སྡེ་ཚན་དྲུག་མཉམ་འབྲེལ་གྱིས་བཟོས་པའི《བྱེད་ཐབས》འདི་གཙོ་བོ་ཁ་པར་དང་། གློག་ཀླད། འཁྱེར་བདེའི་གསོག་ཆས་དང་ཉར་བརྒྱུད་དྲན་གཏོང་གི་བྱེད་ནུས་ཡོད་པའི་གློག་རྡུལ་ཐོན་རྫས་ཕྱིར་འཚོང་དང་ཉམས་གསོ(ཉིས་བརྒྱུད་ཁ་པར་གློག་ཀླད་བསྡུ་འཚོང་ཡང་འདུས)བྱེད་པའི་ཚོང་ར་འཛུགས་མཁན་དང་། གཉེར་མཁན། ལས་བྱེད་མི་སྣ་སོགས་ལ་ཁ་གཏད་ཡོད་པ་དང་། དེའི་དམིགས་ཡུལ་ནི་ཁ་པར་དང་དེ་འབྲེལ་གློག་རྡུལ་ཐོན་རྫས་ཚོང་རའི་ལྟ་རྟོག་དོ་དམ་ལ་ཤུགས་བརྒྱབ་སྟེ་ཚོང་རའི་གཉེར་བའི་བྱེད་སྤྱོད་ཚད་ལྡན་དུ་བཟོས་ཐོག ཁ་པར་དང་དེ་འབྲེལ་གློག་རྡུལ་ཐོན་རྫས་བརྒྱུད་ནས་ཁྲིམས་འགལ་གནད་སྐྱོན་ཆེ་བའི་ཆ་འཕྲིན་བརྒྱུད་སྒྲོག་བརྒྱུད་ནག་ཉེས་བཟོ་བའི་བྱ་སྤྱོད་འགོག་རྒྱུ་དེ་ཡིན་པ་རེད།
 
  ཉིས་བརྒྱུད་ཁ་པར་གློག་ཀླད་ཉོ་ནའང་དངོས་མིང་སྤྱོད་དགོས།
  《བྱེད་ཐབས》ཀྱི་ནང་དོན་ལ། ཁ་པར་རྗེན་པ། གློག་ཀླད་སོགས་གློག་རྡུལ་ཐོན་རྫས་ཕྱིར་འཚོང་དུས་དངོས་མིང་ལམ་ལུགས་ལག་བསྟར་དགོས་པ། ནང་གི་སྐོར་ཞིབ་ལམ་ལུགས་དང་ཉིས་བརྒྱུད་ཁ་པར(གློག་ཀླད)ཉོ་ཚོང་ཞིབ་བཤེར་དང་ཐོ་འགོད་ལམ་ལུགས་སོགས་དོ་དམ་ལམ་ལུགས། བདེ་འཇགས་འགོག་སྲུང་བྱེད་ཐབས་འཐུས་ཚང་དུ་གཏོང་བ། ཚོང་གཉེར་མཁན་གྱི་ཐོབ་ཐང་ལ་རྩད་ཞིབ་དམ་བསྒྲགས་བྱེད་པ། སྤྱི་བདེ་ལས་ཁུངས་ཀྱི་དྲ་རྒྱར་སྦྲེལ་བའི་བདེ་སྲུང་དོ་དམ་ཆ་འཕྲིན་མ་ལག་ནང་འཇུག་བྱེད་པ། ཚོང་གཉེར་མཁན་དང་ལས་བྱེད་མི་སྣར་གློག་རྡུལ་ཡིག་ཚགས་བཟོས་ཐོག་དུས་ངེས་ཅན་དུ་ཞིབ་དཔྱད་གསར་བསྒྱུར་བྱེད་པ་སོགས་འདུག
  ཉིས་བརྒྱུད་ཁ་པར(གློག་ཀླད)ཚོང་གཉེར་མཁན་གྱིས་ཕྱིར་བཙོངས་པའི་ཉིས་བརྒྱུད་ཁ་པར(གློག་ཀླད)ལ་དཔྱད་བཤེར་ཐོ་འགོད་དགོས་པ་སྟེ། ཐོ་འགོད་ཆ་འཕྲིན་གྱི་ནང་དོན་ལ་ཉིས་བརྒྱུད་ཁ་པར(གློག་ཀླད)གྱི་ཡོང་ཁུངས་དང་མིང་། ཚོང་རྟགས། བཟོ་རྟགས། ཁ་པར་གྱི IMEI ཨང་དང MEID ཨང་། གློག་ཀླད་ཀྱི ID ཨང་ངམ SN ཨང་། ཕྱིར་འཚོང་ངམ་མངགས་བཅོལ་ཚབ་ཚོང་། བསྐུར་ཚོང་ཟིན་པའི་ཉིས་བརྒྱུད་ཁ་པར(གློག་ཀླད) ངོས་ལེབ་གློག་ཀླད། སྐུད་མེད་སྒྲིག་ཆས་སོགས་ཀྱི MAC ས་གནས། ལས་ཁུངས་ཀྱི་ནུས་ཐོན་དཔང་ཡིག་དང་སྒེར་གྱི་ཐོབ་དཔང་ཨང་གྲངས་སོགས་འདུས།
  ཉིས་བརྒྱུད་ཁ་པར(གློག་ཀླད)ལ་གོང་གི་ཆ་འཕྲིན་ཁག་བདེ་སྲུང་དོ་དམ་ཆ་འཕྲིན་མ་ལག་ཏུ་མ་བཅུག་ན་ཕྱིར་འཚོང་བྱེད་མི་ཆོག
  ཉིས་བརྒྱུད་ཁ་པར(གློག་ཀླད)གཉེར་མཁན་གྱིས་ཉོ་ཚོང་ཐེངས་རེའི་རྗེས་སུ་འཕྲལ་མར་ཉིས་བརྒྱུད་ཁ་པར(གློག་ཀླད)དང་ཉོ་མཁན་གྱི་ཆ་འཕྲིན་ཁག་བདེ་སྲུང་དོ་དམ་ཆ་འཕྲིན་མ་ལག་ཏུ་འཇུག་དགོས་པ་མ་ཟད། ལོ་གཉིས་ཡན་ལ་ཉར་ཚགས་བྱེད་དགོས། ཁ་པར་གློག་ཀླད་ཚོང་ཁང་ལ་ལྟ་ཞིབ་བརྙན་མིག་འཛུགས་དགོས།
  《བྱེད་ཐབས》སུ་ད་དུང་ཁ་པར་དང་འབྲེལ་ཡོད་གློག་རྡུལ་ཐོན་རྫས་ཚོང་ར་གསར་འཛུགས་མཁན་དང་གཉེར་མཁན་གྱིས་ཚོང་རའི་འཇུག་སྒོ་དང་། ལམ་ཁ་གཙོ་ཁག་གནས་གལ་ཆེན་ཁག་ཏུ་ལྟ་ཞིབ་བརྙན་མིག་སྒྲིག་ཆས་འཛུགས་དགོས་པ་མ་ཟད། ཚོང་ལས་གཉེར་དུས་སྐྱོན་མེད་འཁོར་སྐྱོད་ལ་ཁག་ཐེག་དགོས་ཤིང་བར་ཆད་མི་ཆོག
  ལྟ་ཞིབ་བརྙན་མིག་གིས་ཕབ་པའི་བརྙན་གཟུགས་རྒྱུ་ཆ་མ་མཐར་ཡང་ཉིན ༣༠ ལ་ཉར་འཇོག་དགོས་ཤིང་། འབྲེལ་ཡོད་དོ་དམ་སྡེ་ཁག་གིས་ཁྲིམས་ལྟར་བརྙན་གཟུགས་ཆ་འཕྲིན་མ་ལག་གམ་ཆ་འཕྲིན་རྒྱུ་ཆ་སྤྱོད་དུས་དང་དུ་མི་ལེན་པའམ་འགོག་རྐྱེན་རིགས་བཟོ་མི་ཆོག
 
  ཁྲིམས་འགལ་ཆ་འཕྲིན་གནོད་ཅན་ཐེར་འདོན་ལ་བྱ་དགའ་ཡོད།
  《བྱེད་ཐབས》སུ། ཤིན་ཅང་ལྗོངས་ཡོངས་སུ་ལས་ཁུངས་སམ་མི་སྒེར་གང་གིས་ཀྱང་སྤྱི་ཚོཊ་ཀྱི་སྒྲིག་ལམ་ལ་གཏོར་སྐྱོན་བཟོ་བ་དང་སྤྱི་ཚོགས་བརྟན་ལྷིང་ལ་གནོད་སྐྱོན་བཟོ་བ། གཏམ་ཡན་བཟོ་བ་དང་སྒྲོག་པ་སོགས་རིགས་བཅུ་ཡོད་པའི་ཡི་གེའམ་བརྙན་ནམ་གཟུགས་བཟོ་བའམ། ཉར་བའམ། མར་འཕབ་པ། སྐུར་བ། བཤུ་བ་སོགས་མི་ཆོག་ཅིང་། གོང་སྨོས་ནང་དོན་ཁག་ཡོད་པའི་ཁ་པར་དང་དེ་འབྲེལ་གློག་རྡུལ་ཐོན་རྫས་རིགས་སྤྱོད་པའམ་ཕྱིར་འཚོང་བྱ་མི་ཆོག 《བྱེད་ཐབས》སུ་ད་དུང་། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར། ཁ་པར་དང་གློག་ཀླད། འཁྱེར་བདེའི་ཉར་ཆས་སོགས་གློག་རྡུལ་ཐོན་རྫས་དང་། དྲ་རྒྱ་ནས་ཁྲིམས་འགལ་ཆ་འཕྲིན་གནོད་ཅན་རིགས་ཡོད་པ་བཟོ་བའམ། གཏོང་བ། བརྒྱུད་པ། ཉར་བ། བཤུ་བ་སོགས་ཐེར་འདོན་བྱེད་མཁན་གྱི་མི་བྱས་པ་ཅན་ལ་བྱ་དགའ་སྤྲོད་འོས་པ་གཏན་འབེབས་བྱས་ཡོད།
 
  གསར་འཛུགས་མཁན་དང་གཉེར་མཁན་གྱིས་ངེས་པར་དུ་ཞུ་ཐེབས་འཇོག་དགོས།
  ལམ་ཟུར་ནས་ཉིས་བརྒྱུད་ཁ་པར་བསྡུ་ཉོ་མི་ཆོག
  ཁ་པར་དང་དེ་འབྲེལ་གློག་རྡུལ་ཐོན་རྫས་ཚོང་ར་འཛུགས་མཁན་དང་གཉེར་མཁན་གྱིས་ཡུལ་གང་དེའི་རྫོང་རིམ་པའི་སྤྱི་བདེ་ལས་ཁུངས་སུ་ཞུ་ཐེབས་འཇོག་དགོས།
  ཁ་པར་དང་དེ་འབྲེལ་གློག་རྡུལ་ཐོན་རྫས་ཚོང་ར་འཛུགས་མཁན་དང་གཉེར་མཁན་གྱིས་ལས་ཀ་མཚམས་བཞག་པའམ། ངལ་གསོས་པ། ཡང་ན་མིང་བརྗེས་པའམ། གནས། ལས་གཉེར་ཁྱབ་ཁོངས། ཁྲིམས་བཀོད་འཐུས་ཚབ་པ། ལས་གཉེར་འགན་ཁུར་བ་བརྗེས་ན། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་ནས་ཐོ་བསུབ་པའམ་བརྗེས་པའི་ཐོ་བཀོད་རྗེས་ཀྱི་ཉིན ༡༥ ནང་མ་གཞིའི་ཞུ་ཐེབས་ཡོད་སའི་རྫོང་རིམ་པའི་སྤྱི་བདེ་ཅུད་ནས་འབྲེལ་ཡོད་བརྗེ་བསྒྱུར་འགྲོ་ལུགས་བསྒྲུབ་དགོས།
  《བྱེད་ཐབས》ལག་བསྟར་མ་བྱས་གོང་ཁ་པར་དང་དེ་འབྲེལ་གློག་རྡུལ་ཐོན་རྫས་ཚོང་གཉེར་སྔ་ས་ནས་བྱས་ཟིན་པའི་སྐོར་ལ། བྱེད་ཐབས་འདི་དཔར་འགྲེམས་བྱས་པའི་ཉིན ༩༠ ཡི་ནང་བྱེད་ཐབས་ཐག་གཅོད་འདི་ནང་བཞིན་ཞུ་ཐེབས་ཁ་གསབ་ཐོ་འགོད་ཀྱི་འགྲོ་ལུགས་བསྒྲུབ་དགོས།
  ཉིས་བརྒྱུད་ཁ་པར(གློག་ཀླད)ཉོ་ཚོང་དེ་ལས་གཉེར་ཆོག་འཐུས་ཡོད་པའི་ལས་གཉེར་ར་བ་ནས་བྱེད་དགོས། ལས་གཉེར་ཆོག་ཡིག་བླངས་མེད་པའམ་གྲོང་ཁྱེར་གྱི་ཁྲོམ་ལམ་དང་། ཐང་ཆེན། ས་འོག་རྒྱུ་ལམ་སོགས་མི་མང་འདུ་ས་དང་འཁོར་སྐྱོད་ཀྱིས་ཉིས་བརྒྱུད་ཁ་པར(གློག་ཀླད)ཉོ་འཚོང་གི་བྱ་བྱེད་ཡོད་མི་ཆོག
  
  ཁ་པར་གྱི“ཁཱ་ནག”བཟོ་འཚོང་མི་ཆོག
  《བྱེད་ཐབས》སུ་ནན་བཤད་བྱས་དོན་ལ། ཁ་པར་དང་དེ་འབྲེལ་གློག་རྡུལ་ཐོན་རྫས་ཚོང་ར་འཛུགས་མཁན་དང་གཉེར་མཁན་གྱིས་ཚོང་གཉེར་ར་བའི་མངོན་གསལ་ཡིན་ས་རུ། འཇིགས་སྐུལ་སྒྲ་བརྙན་དང་ཆ་འཕྲིན་གནོད་ཅན་སོགས་ནང་དོན་བརྒྱུད་སྒྲོག་བཀག་རྒྱ་བྱེད་པའི་ཉེན་བརྡའི་རྟགས་རིས་འགེལ་དགོས་ཤིང་། རྟགས་རིས་དེར་སྤྱི་བདེ་དང་བཟོ་ཚོང་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་ཐེར་འདོན་ཁ་པར་ཡོད་དགོས།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག