ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་མར་བཀྲམ་པའི 《༢༠༡༤ལོའི་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ཁག་གི་དགུན་གནང་དང ༢༠༡༥ ལོའི་དབྱར་དུས་ཀྱི་སློབ་འགོ་ཚུགས་པའི་བཀོད་སྒྲིག་སྐོར་གྱི་བརྡ་སྦྱོར》ཞེས་པ་ལས། ལྷ་ས་གྲོང་ཁྱེར་གྱི་རྫོང་ཁག་སོ་སོའི་སློབ་གྲྭ་དང་མཐོ་འབྲིང་སློབ་གྲྭ་ཁག ལྷ་ས་གྲོང་ཁྱེར་གྱི་འབྲིང་རིམ་ཆེད་ལས་སློབ་གྲྭ་དང་པོ་དང་གཉིས་པ་སོགས་ཀྱི་སློབ་མ་དག་ཟླ ༡༢ པའི་ཚེས ༣༡ ཉིན་ནས་དགུན་གནང་གཏོང་རྒྱུ་ཡིན་པ་དང་། ལྷ་ས་གྲོང་ཁྱེར་གྲོང་ཞོལ་ཁུལ་དུ་གཏོགས་པའི་སློབ་གྲྭ་དང་བྱིས་གཉོར་ཁང་སོ་སོས་ཟླ ༡ ཚེས ༣ ཉིན་ནས་དགུན་གནང་གཏོང་རྒྱུ་རེད་ཅེས་བསྟན་ཡོད། དེ་ལས་གཞན། རང་སྐྱོང་ལྗོངས་སློབ་གསོ་ཐང་གི་འབྲེལ་ཡོད་གཏན་འབེབས་ལྟར་ན། སློབ་གྲྭ་ཁག་གིས་དགུན་གནང་དུས་ཚོད་སྤྱད་ནས་གཅིག་གྱུར་དུ་གསབ་སྦྱོང་སྤེལ་མི་ཆོག་པ་གཏན་ཁེལ་བྱས་ཡོད་འདུག
གསར་འགོད་པས་ལྷ་ས་གྲོང་ཁྱེར་སློབ་གསོ་དང་ལུས་རྩལ་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ༢༠༡༤ ལོར་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགུན་གནང་དང ༢༠༡༥ ལོའི་དབྱར་དུས་ཀྱི་སློབ་འགོ་ཚུགས་པའི་སྐོར་གྱི་བཀོད་སྒྲིག་ཕྱིར་བཏོན་ཡོད། ཟླ ༡༢ པའི་ཚེས ༣༡ ཉིན་ནས། ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་ཁག་གཅིག་རྗེས་གཉིས་མཐུད་དུ་དགུན་གནང་གཏོང་རྩིས་ཡོད་ལ། ལྷ་ས་གྲོང་ཁྱེར་གྲོང་ཞོལ་ཁུལ་གྱི་སློབ་གྲྭ་དང་བྱིས་གཉོར་ཁང་སོ་སོས་སང་ལོའི་ཟླ ༡ ཚེས ༣ ཉིན་དགུན་གནང་གཏོང་རྒྱུ་ཡིན་པ་རེད།
མིག་སྔར། ལྷ་ས་གྲོང་ཁྱེར་སློབ་གསོ་དང་ལུས་རྩལ་ཅུས་ཀྱིས 《༢༠༡༤ལོའི་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགུན་གནང་དང་༢༠༡༥ ལོའི་དབྱར་དུས་ཀྱི་སློབ་འགོ་ཚུགས་པའི་བཀོད་སྒྲིག་སྐོར་གྱི་བརྡ་སྦྱོར》ཞེས་པ་མར་བཀྲམས།
དགུན་གནང་གཏོང་རྗེས། སློབ་མ་ཚོ་བདེ་འཇགས་ངང་ཕྱིར་ཁྱིམ་དུ་ལོག་པའི་ལས་དོན་སྐོར་ལ་ཁྱིམ་བདག་དང་སློབ་གྲྭ་ཕྱོགས་གཉིས་ཀྱིས་དོ་སྣང་བྱེད་དགོས། “ལྷ་ས་གྲོང་ཁྱེར་གྱི་འབྲིང་རིམ་ཆེད་ལས་སློབ་གྲྭ་དང་པོ་དང་གཉིས་པ། ལྷ་ས་གྲོང་ཁྱེར་གྱི་ཐད་གཏོགས་མཐོ་འབྲིང་རིམ་སློབ་གྲྭ་བཅས་ལ་སློབ་མ་ཅུང་མང་། ལྷ་ས་གྲོང་ཁྱེར་གྱི་སློབ་གསོ་དང་ལུས་རྩལ་ཅུས་ཀྱིས་འབྲེལ་ཡོད་སློབ་གྲྭས་མགྲོན་སྐྱེལ་སྤྱི་གཉེར་ཁང་ལ་འབྲེལ་བ་ཡག་པོ་བྱས་ཏེ། སློབ་མ་ཚོས་དུས་ཐོག་ཏུ་ཕྱིར་ཕ་ཡུལ་ལོག་པའི་འཛིན་བྱང་ཉོ་མི་ཐུབ་པར་སློབ་གྲྭའི་ཕྱི་རོལ་དང་མགྲོན་སྐྱེལ་ས་ཚུགས་སོགས་སུ་ལྷག་པའི་གནད་དོན་མི་འབྱུང་བ་བྱས་ཏེ། སློབ་མ་ཕྱིར་རང་ཡུལ་དུ་ལོག་པའི་བདེ་འཇགས་ལས་ཀ་ཡག་པོ་སྒྲུབ་དགོས། སློབ་མ་དག་དུས་རིམ་དང་ཁག་བགོས་ནས་ཕྱིར་ལོག་རྒྱུ་བཀོད་སྒྲིག་བྱས་ཏེ། བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ཕ་ཡུལ་དུ་འབྱོར་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད”ཅེས་ལྷ་ས་གྲོང་ཁྱེར་སློབ་གསོ་དང་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་དེ་ལྟར་ངོ་སྤྲོད་བྱས།
དེ་ལས་གཞན་སློབ་མ་དང་ཁྱིམ་བདག་གིས་སློབ་གྲྭ་ཕྱིར་ཚོགས་པའི་དུས་ཚོད་ལ་དོ་སྣང་བྱེད་དགོས། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ༢༠༡༥ ལོའི་ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་ཁག་སོ་སོས་སློབ་གྲྭ་ཕྱིར་འཚོག་པའི་དུས་ཚོད་བཀོད་སྒྲིག་ནི་ཟླ ༣ པའི་ཚེས ༥ ཉིན་དངོས་སུ་སློབ་མགོ་ཚུགས་པ་དང་། ཟླ ༣ པའི་ཚེས ༦ ཉིན་དངོས་སུ་སློབ་ཚན་འཚོག་རྒྱུ་གྲ་སྒྲིག་བྱས་རྗེས། ཟླ ༣ པའི་ཚེས ༨ དང་ཚེས ༩ ཉིན་འཆར་ཅན་དུ་སློབ་ཁྲིད་འཚོག་རྒྱུ་རེད། རང་སྐྱོང་ལྗོངས་སློབ་གསོ་ཐང་གི་འབྲེལ་ཡོད་འགན་ཁུར་མི་སྣ་ངོ་སྤྲོད་བྱས་པ་ལྟར་ན། “བོད་ལྗོངས་ས་ཁུལ་སོ་སོའི་སློབ་གྲྭ་ཁག་གིས་གཅིག་རྗེས་གཉིས་མཐུད་དུ་དགུན་གནང་གཏོང་རྒྱུ་ཡིན་ལ། སློབ་གྲྭ་ཁག་གི་སློབ་སྒྲུབ་ཐབས་ལམ་སྔར་ལས་ཚད་ལྡན་གཏོང་ཆེད་དང་། སློབ་མ་ཚོའི་སློབ་གསང་སྐབས་ཀྱི་སློབ་སྦྱོང་འོས་འགན་ཇེ་ཡང་བཟོ་ཆེད། རང་སྐྱོང་ལྗོངས་སློབ་གསོ་ཐང་གིས་ཉེ་ཆར་འབྲེལ་ཡོད་བརྡ་ཁྱབ་འགྲེམ་སྤེལ་བྱས་ཏེ། སློབ་གྲྭ་ཡིས་གུང་སེང་དུས་ཚོད་སྤྱད་ནས་སློབ་མ་ཚོར་གཅིག་གྱུར་དུ་གསབ་སྦྱོང་བྱས་མི་ཆོག་པ་དང་། དགུན་གནང་དུས་ཚོད་ནི་དགེ་རྒན་དང་སློབ་མ་ཚོར་རང་དབང་དུ་གནང་དགོས་པ་གཏན་ཁེལ་བྱས་ཡོད”ཅེས་བརྗོད།
བརྡ་ཁྱབ་ལས། དགུན་གནང་སྐབས་སུ། སློབ་གྲྭ་ཆུང་འབྲིང་ཁག་གིས་གཏན་འབེབས་དང་འགན་ནས་གསབ་སྦྱོང་སྤེལ་མི་ཆོག་ལ། དགེ་རྒན་དག་གིས་ཀྱང་གསབ་སྦྱོང་འཛིན་གྲྭ་རིགས་གང་རུང་སྒྲུབ་མི་ཆོག་པ། སློབ་གྲྭ་ཡིས་གཏན་འབེབས་དང་འགན་ནས་གསབ་སྦྱོང་སྤེལ་གནས་མཁོ་འདོན་བྱེད་མི་ཆོག་པའི་བླང་བྱ་བཏོན་ཡོད། དགུན་གནང་རིང་དུ་འབྲེལ་ཡོད་ལས་ཁུངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་སློབ་གྲྭ་ཆུང་འབྲིང་ཁག་སོ་སོར་ཕྱོགས་ཡོངས་ནས་ལྟ་སྐུལ་ཞིབ་བཤེར་བྱེད་དགོས། སློབ་གྲྭ་ཡིས་སློབ་མ་ཚོར་ལུགས་མཐུན་གྱི་ལས་བྱ་བཀོད་སྒྲིག་བྱེད་པ་དང་། སློབ་མ་ཚོ་དོན་སྙིང་ལྡན་པའི་སྤྱི་ཚོགས་ལག་ལེན་དང་རིག་རྩལ་སྤྲོ་རྩེད་བྱ་འགུལ་དུ་ཞུགས་པར་སྐུལ་སློང་བཏང་སྟེ། དཔལ་ཡོན་དང་བདེ་འཇགས། སྤྲོ་སྐྱིད་ལྡན་པའི་དགུན་གནང་ཞིག་གཏོང་ཐུབ་རྒྱུར་སྐུལ་མ་བྱེད་དགོས་ཞེས་བླང་བྱ་བསྟན་ཡོད་པ་རེད།(རྩོམ་འགན་པ། རྟ་མགྲིན)