ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

མཐོ་རིམ་སློབ་འབྲིང་གི་ཡོན་ཚད་རྒྱུགས་ལེན་དེ་མཐོ་རྒྱུགས་ཀྱི་གཞི་འཛིན་ས་གལ་ཆེན་དུ་འགྱུར་རྒྱུ་རེད།

2014-12-19
  ཟླ ༩ པའི་ཟླ་སྟོད་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཡིག་རྒྱུགས་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》པར་འགྲེམ་བྱས་པ་རེད། དེ་རྗེས་ཧྲང་ཧའེ་གྲོང་ཁྱེར་དང་ཀྲེ་ཅང་ཞིང་ཆེན་གྱིས་ས་ཁུལ་དེ་གའི་མཐོ་སློབ་སློབ་བསྡུའི་ཕྱོགས་བསྡུས་སྒྱུར་བཅོས་ཀྱི་ཚོད་ལྟའི་ཇུས་གཞི་ཁྱབ་བསྒྲགས་བྱས་པ་རེད། ཟླ ༡༢ ཚེས ༡༦ ཉིན་སློབ་གསོ་པུས《མཐོ་རིམ་སློབ་འབྲིང་དཀྱུས་མའི་ཡོན་ཚད་རྒྱུགས་ལེན་སྐོར་གྱི་ལག་བསྟར་བསམ་འཆར》སོགས་ཀྱི་ཡིག་ཆ་ཁྱབ་བསྒྲགས་བྱས་ཏེ་རང་རྒྱལ་གྱི་ཡིག་རྒྱུགས་སློབ་བསྡུ་སྒྱུར་བཅོས་གཏོང་བའི་ལམ་ལུགས་ཀྱི་སྒྲོམ་གཞི་གསར་པ་བཟོས་པ་རེད།ཀྲེ་ཅང་ཞིང་ཆེན་སློབ་གསོ་ཡིག་རྒྱུགས་ཁང་གི་ཡོན་ཀྲང་གཞོན་པ་ལིའུ་པའོ་ཅན་སྲིད་ཇུས་གསར་པ་གྲོས་བསྡུར་ནང་ཞུགས་པ་དང་འབྲེལ་སྔ་རྗེས་སུ་ཀྲེ་ཅང་ཞིང་ཆེན་མཐོ་རིམ་སློབ་འབྲིང་འདུ་འཛོམས་ཡིག་རྒྱུགས་དང་མཐོ་རིམ་སློབ་འབྲིང་གི་ཡོན་ཚད་རྒྱུགས་ལེན་གྱི་གཙོ་འགན་འཁུར་ནས་ལོ་བཅུ་ལྷག་ཙམ་འགྲོ་གི་ཡོད། ཁོང་གིས་མཐོ་རིམ་སློབ་འབྲིང་གི་ཡོན་ཚད་རྒྱུགས་ལེན་གྱི“རྒྱུགས་ལེན་གོ་རིམ་ལྡན་ཞིང་སྦྱངས་འབྲས་དངོས་མཚོན་པ”འགན་ལེན་བྱེད་པའི་རྨང་གཞིའི་འོག་མཐོ་རིམ་སློབ་འབྲིང་གི་ཡོན་ཚད་རྒྱུགས་ལེན་གྱི་སྦྱངས་འབྲས་དེ་མཐོ་སློབ་སློབ་བསྡུའི་གཞི་འཛིན་སར་བརྩི་རྒྱུ་ནི་ལུགས་དང་མཐུན་པ་ཞིག་ཡིན་ལ་ཡིད་རྟོན་རུང་བ་ཞིག་ཀྱང་ཡིན་པའི་ངོས་འཛིན་བྱས་པ་རེད།
  ལིའུ་པའོ་ཅན་གྱིས་མཐོ་རིམ་སློབ་འབྲིང་གི་ཡོན་ཚད་རྒྱུགས་ལེན་གྱི་སྦྱངས་འབྲས་དེ་སློབ་མ་སློབ་ཐོན་དང་ལོ་རིམ་འཕར་སྐབས་ཀྱི་གཞི་འཛིན་ས་གལ་ཆེན་ཞིག་ཡིན་ལ་མཐོ་རིམ་སློབ་འབྲིང་སློབ་གྲྭས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་ནན་ཏན་བྱས་ཏེ་རྒྱལ་ཁབ་ཀྱི་གཏན་འབེབས་སློབ་ཚན་ཆ་ཚང་པོ་དང་། སྣ་ཁ་འཛོམས་པོ། ལེགས་པོ་བཅས་ཀྱི་སྒོ་ནས་འཚོག་རྒྱུར་ཁྲིད་སྟོན་དང་ལྟ་སྐུལ་བྱེད་པ་དང་། སློབ་གྲྭས་ལོ་རིམ་འཕར་ཚད་ཁོ་ན་བརྩོན་ལེན་བྱེད་པ་དང་སློབ་མས་སློབ་ཚན་གདམ་ག་བྱེད་པའི་སྣང་ཚུལ་ཁྱད་བསད་བྱེད་པ། སློབ་མ་ཡོངས“ཐུན་མོང་གི་རྨང་གཞིའི་ཐོག་རང་རང་འཕེལ་རྒྱས་འགྲོ་རྒྱུར”སྐུལ་མ་གཏོང་བ་བཅས་ཀྱང་ཡིན་ཞེས་བཤད་པ་རེད།
  ལམ་ལུགས་གསར་པའི་ཇུས་འགོད་དང་གཏན་འབེབས་ལ་གཞིགས་ན། ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་སློབ་གསོ་པུའི་བསམ་འཆར་གཞིར་བཟུང་ཞིང་ཆེན་དེའི་མཐོ་རིམ་སློབ་འབྲིང་གི་ཡོན་ཚད་རྒྱུགས་ལེན་གྱི་ཞིབ་ཕྲའི་ལག་བསྟར་བྱ་ཐབས་བཟོས་ཏེ་རྒྱུགས་ལེན་སློབ་ཚན་དང་། རྒྱུགས་སྤྲོད་བྱེད་མཁན། སྦྱངས་འབྲས་མངོན་སྟངས། སྦྱངས་འབྲས་བེད་སྤྱོད་སོགས་ཀྱི་ཐད་ལ་གཏན་འབེབས་གསལ་པོ་བྱས་པ་དང་འབྲེལ་ཞིང་ཆེན་རིམ་པའི་སློབ་གསོ་རྒྱུགས་ལེན་སྒྲིག་གཞིས་མཐོ་རིམ་སློབ་འབྲིང་གི་ཡོན་ཚད་རྒྱུགས་ལེན་ལག་བསྟར་ཞིབ་ཕྲ་བྱ་རྒྱུ་དང་རྒྱུགས་ཤོག་འདོན་པ་དང་། མིང་ཐོ་འགོད་པ། རྒྱུགས་ལེན་པ། རྒྱུགས་ཤོག་བཅོས་པ་སོགས་ཀྱི་འགན་འཁུར་རྒྱུའི་དབང་ཆ་སྤྲད་ཡོད། ཞིང་ཆེན་ནས་རྫོང་བར་གྱི་རིམ་གསུམ་སློབ་གསོ་སྲིད་འཛིན་སྡེ་ཚན་དང་རྒྱུགས་ལེན་དོ་དམ་སྒྲིག་གཞི་དབར་ནན་ཏན་དང་། ཆེད་ལས། འཐུས་ཚང་བཅས་ཀྱི་རྒྱུགས་ལེན་དོ་དམ་མ་ལག་ཅིག་བཙུགས་ཡོད་པ་རེད།(རྩོམ་འགན་པ། སྒྲོལ་ཚེ)
འབྲེལ་ཡོད་རྩོམ་ཡིག