ཀྲུང་གོའི་གསར་འགྱུར་དྲ་བའི ༡/༢༨ ཉིན་གྱི་གློག་འཕྲིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་དྲ་ཚིགས་སུ་བཀོད་པའི་གནས་ཚུལ་ལྟར་ན། རྒྱལ་ཁབ་ནུས་ཁུངས་ཅུད་རྡོ་སོལ་སི་ཡི་སི་ཀྲང་གཞོན་ཟུར་ཝེ་ཕིན་ཡོན་ལྐོག་དངུལ་ལེན་པ་དང་། རྒྱུ་དངོས་འབོར་ཆེན་གྱི་ཡོང་ཁུངས་མི་གསལ་བར་འབྲེལ་བའི་གྱོད་དོན་ལ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་གར་གཏོགས་གཏན་འཁེལ་བཞིན་ད་ཆ་ཧི་པེ་ཞིང་ཆེན་པའོ་ཏེན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ཟིན་ཏེ་ཞིབ་བཤེར་ཞུ་གཏུག་བྱེད་པར་སྤྲད་ཡོད་འདུག
རྒྱུས་ལོན་པ་ལྟར་ན། ༢༠༡༤ ལོའི་ཟླ ༥ པར། ཞིབ་དཔྱོད་ལས་ཁུངས་གིས་ལྐོག་རྔན་ཉེས་གསོག་དང་འབྲེལ་དོགས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་ནུས་ཁུངས་ཅུད་ཉིང་རྡུལ་གློག་ནུས་སི་ཡི་སི་ཀྲང་ཧོ་ཝེ་ཕིང་། རྡོ་སོལ་སི་ཡི་སི་ཀྲང་གཞོན་པ་ཝེ་ཕིན་ཡོན་གྱོད་ཁོངས་སུ་རྟོག་དཔྱོད་བྱས་མ་ཟད། བཙན་འདོམས་བྱ་ཐབས་སྤྱད་པ་རེད། ༢༠༡༤ ལོའི་ཟླ ༡༠ པར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལྐོག་ཟ་ལྐོག་རྔན་ལ་རྒོལ་བའི་སྤྱི་ཁྱབ་ཅུད་ཀྱི་ཅུད་ཀྲང་ཞུས་ཅིན་ཧུའེ་ཡིས་བརྗོད་དོན། རྡོ་སོལ་སི་ཡི་སི་ཀྲང་གཞོན་པ་ཝེ་ཕིན་ཡོན་གྱི་ཁྱིམ་དུ་སྔོག་བཤེར་བྱེད་དུས་དངུལ་སྨ་མི་དམངས་ཤོག་སྒོར་ལ་ཕབ་ན་དུང་ཕྱུར ༢ ཡིན་པ་རྙེད་པ་དང་། ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཁབ་བཙུགས་པའི་ཚུན་དུ་བྱུང་བའི་གྱོད་དོན་དངུལ་སྨར་གྱི་གྲངས་འབོར་མང་ཤོས་དེ་ཆགས་ཡོད་པ་རེད།
ཟབ་ཀློག
མ་དཔེ་བརྒྱ་ཕྲག་ལྷག་ལ་ཞིབ་འཇུག་བྱས་པའི་འབྲས་བུ་ལྟར་ན། དཔོན་རུལ་གྱིས་དངུལ་སྨར་འབོར་ཆེན་ཁྱིམ་དུ་སྦ་བའི་རྒྱུ་མཚན་གཙོ་བོ་ནི་ཉེན་ཁ་ལས་གཡོལ་ཆེད་ཡིན་ཞིང་། དངོས་འབྲེལ་བྱས་ན་དཔོན་རུལ་མང་ཆེ་བས་དངུལ་སྨར་རྐྱང་པ་ཉར་ཚགས་བྱེད་ཀྱི་ཡོད་དེ། ཐབས་འདི་བསྟེན་མཁན་མ་དཔེའི་སྤྱི་གྲངས་ཀྱི ༦༡.༣% ཟིན་པ་རེད།
འདིའི་རྒྱུ་མཚན་ཡང་ད་ཆ་དངུལ་སྨར་དོ་དམ་དང་གྲངས་འབོར་ཆེ་གྲས་ཡར་ཞུའི་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད་པས། ཚད་ངེས་ཅན་ཞིག་ནས་ལྐོག་རྔན་དང་རུལ་སུངས་མ་དངུལ་གྱིས་དངུལ་རྩའི་ལས་ཁུངས་དང་དངུལ་བཀྲུར་རྒོལ་བའི་ལྟེ་གནས་སུ་ཉོ་ཚོང་བྱས་ཤུལ་དང་ཉོ་ཚོང་བྱ་ཡུལ་གྱི་མིང་མི་འཇོག་ཐབས་མེད་ཡིན། ཀྲུང་གོའི་མི་དམངས་དངུལ་ཁང་གི་འབྲེལ་ཡོད་གཏན་འཁེལ་ལྟར་ན། དངུལ་བཅོལ་ཐེངས་གཅིག་གི་གྲངས་འབོར་ཁྲི ༡ ལ་སླེབས་པའམ་དེ་ལས་བརྒལ་དུས་དངུལ་བཅོལ་མཁན་སྐུ་མགྲོན་གྱི་ཐོབ་ཐང་ལ་དངུལ་ཁང་གིས་ཤན་འབྱེད་བྱེད་དགོས་པ་དང་། དངུལ་བཅོལ་ཐེངས་གཅིག་གི་གྲངས་འབོར་ཁྲི ༥ ལས་བརྒལ་ན། དངུལ་བཅོལ་མཁན་གྱི་མི་དང་རྩིས་ཐོ་འཆང་མཁན་གྱི་གོ་ཆོད་ཐོབ་དཔང་ལ་ཞིབ་བསྡུར་ཡང་བྱ་དགོས་པ་རེད། གལ་སྲིད་གནས་ཚུལ་རྒྱུན་ལྡན་མིན་ཚེ་དངུལ་ཁང་གིས་སྤྱི་དམངས་ཐོབ་ཐང་ཆ་འཕྲིན་མ་ལག་བརྒྱུད་ནས་སྐུ་མགྲོན་གྱི་ཐོབ་ཐང་རྩད་ཞིབ་བྱ་དགོས་ཀྱི་ཡོད། དེ་ལས་གཞན་ཁྱིམ་དུ་དངུལ་སྨར་འབོར་ཆེན་སྦས་ཡོད་པ་འདི་དག་ལས་མང་ཆེ་བ་ལྐོག་རྔན་བརྫངས་པ་ལས་བྱུང་བ་ལས་ཧམ་ཟ་ལས་བྱུང་བ་རེད་མི་འདུག དེ་ལ་རུལ་དངུལ་ཧམ་ཟ་བྱས་པ་ལས་བྱུང་སྐབས། རུལ་སུངས་པ ༨༠% ཡས་མས་ཀྱིས་བཙོག་དངུལ་གཙང་བསྒྱུར་རམ་དངུལ་བཀྲུ་སོགས་ཀྱི་ཐབས་ཤེས་བརྒྱུད་ནས་རྒྱུ་ནོར་ཁྲིམས་མཐུན་ཅན་དུ་གཏོང་བ་ཡིན་མོད། གལ་ཏེ་དངུལ་དེ་དག་ལྐོག་རྔན་བརྫངས་པ་ལས་བྱུང་ཚེ་རུལ་སུངས་པ ༢༠% ཡས་མས་ཀྱིས་མ་གཏོགས་དངུལ་བཀྲུ་བྱེད་ཀྱི་མེད་དེ། དེའི་རྒྱུ་མཚན་ཡང་ལྐོག་རྔན་རྫོང་ལེན་ལྟོས་ས་ལྟོས་འཇོག་གིས་བདེ་འཇགས་ཡིན་ཞིང་། དོ་བདག་གིས་གསང་ཚུགས་པ་ཡིན་ན་སྤྱིར་བཏང་དུ་རྩད་ཆོད་པ་དཀའ།
ཡང་རུལ་སུངས་ཇི་ལྟར་ཚབས་ཆེ་ན་རུལ་སུངས་བྱེད་མཁན་གྱིས་རྒྱུ་ནོར་གྱི་བདེ་འཇགས་དེ་ལྟར་སྙེག་པའི་དབང་གིས། རྒྱུ་ནོར་གཏོས་ཆེ་བ་དེ་དངུལ་སྨར་གྱི་རྣམ་པས་ཉར་གྱི་ཡོད་པ་དང་གོ་སྐབས་འགྲིག་ཚེ་ཁང་སའམ། དངུལ་འཛིན་ནམ། མ་རྐང་། ཚོང་གཉེར་དངོས་གནས་པ་སོགས་ཀྱི་མ་དངུལ་གཏོང་བའི་ཚུལ་གྱིས་བསྐོར་བ་རེད། ཡང་གཞུང་ལས་པ་ཁ་ཅིག་གིས་ལྐོག་རྔན་ལྐོག་ཟ་འབོར་ཆེན་བྱས་རྗེས་ལས་ཀ་གཡུགས་ཏེ་ཀུང་སི་འཛུགས་པའམ་རྐང་དངུལ་འཛིན་ལོར་ཉོ་ཚོང་གི་ལས་སུ་ཞུགས་པ་དང་། ཐོབ་ཐང་གསར་པ་འདིས་ཧོབ་སྟེ་ཕྱུག་པོ་ཆགས་པ་འགྲེལ་བཤད་རྒྱག་གི་ཡོད། འདི་ནི་ཏག་ཏག“སྔ་ཐོབ་རྗེས་བཀྲུ”བྱ་བ་ཡིན་ཏེ། བར་ལམ་ནས་རྩད་ཆོད་པ་ཡིན་ན། “ཁྱིམ་ནང་དངུལ་སྨར་འབོར་ཆེན”ཡོད་པར་འགྱུར་གྱི་ཡོད།(རྩོམ་འགན་པ། རྟ་མགྲིན)