ཟླ་འདིའི་ཚེས ༢ ཉིན། ཐེ་ཝན་གྱི་ཀྲུང་དབྱང་གསར་འགྱུར་ཁང་གིས་བསྒྲགས་དོན། ཐེ་པེ་གྲོང་ཁྱེར་གྱི་སྤྱི་ཁྱབ་འོས་འདེམས་ཁྲོད་གོ་མིན་ཏང་ལ་ཕམ་ཁ་བྱུང་པས། ཀྲུའུ་ཞི་མ་ཡུན་ཅིའུ་ཡིས་གོ་མིན་ཏང་གི་ཀྲུའུ་ཞིའི་འགན་བཞེས་རྒྱུ་མིན་ཚུལ་དངོས་སུ་བསྒྲགས་འདུག
ཚེས ༢ ཉིན་མ་ཡུན་ཅིའུ་ཡིས་གོ་མིན་ཏང་གི་ཀྲུའུ་ཞིའི་འགན་སྤྲོད་རྒྱུ་གསལ་བོར་བསྒྲགས་ཡོད་ན་ཡང་། ཁོང་གིས་ཧའོ་ལུང་པེན་དང་། ཝུ་ཏུན་དབྱི་སོགས་ཀྲུའུ་ཞི་ཟུར་པ་དག་གིས་མུ་མཐུད་དུ་འགན་བཞེས་ཀྱིས་གོ་མིན་ཏང་གི་ལས་དོན་ལ་ཞབས་ཞུ་སྒྲུབ་དགོས་པའི་ཐུགས་རེ་བཏོན་ཡོད་པར། ཁོང་ཚོས་ཀྱང་ཏང་ནང་ཁུལ་གྱི་མཐུན་སྒྲིལ་ལ་གཞིགས་ནས་མུ་མཐུད་དུ་ལས་རྒྱུན་སྐྱོང་རྒྱུ་ཁས་ལེན་བྱས་འདུག ཐེ་ཝན་གྱི་གསར་ལམ་ཁག་ནས། གོ་མིན་ཏང་ནང་ཁུལ་དུ་ཚེས ༢ ཉིན་རྩད་བསྡུར་ཐེངས་མང་བྱས་མཐར། ཝུ་ཏུན་དབྱི་ཏང་གི་ལས་ཚབ་ཀྲུའུ་ཞི་དང་། ཧོང་ཞིའུ་ཀྲུ་ཏང་གི་ལས་ཚབ་དྲུང་ཡིག་ཆེན་མོར་བསྐོ་བཞག་གནང་སྟེ། སང་ལོའི་ཟླ་དང་པོའི་ཟླ་འགོར་ཀྲུའུ་ཞི་གསར་པ་འོས་འདེམས་བར་ལས་འགན་ཁུར་དགོས་སྐོར་གཏན་ཁེལ་གནང་འདུག
མ་ཡུན་ཅིའུ་ཡིས་རེ་བ་བཏོན་པ་བརྒྱུད། ཧའོ་ལུང་པེན་གྱིས་ལས་རྒྱུན་སྐྱོང་མིན་ཐད་བསྐྱར་དུ་བསམ་གཞིགས་བྱ་རྒྱུ་ཡིན་ནའང་ཏང་ཀྲུའུ་ཞིའི་འོས་འདེམས་ལ་ཞུགས་རྒྱུན་མིན་ཚུལ་བསྟན་འདུག ཁོས། ད་ནི་ཏང་མི་རེ་རེས་རང་སྒེར་ལས་ཏང་གི་ལང་ཕྱོགས་ནས་བསམ་གཞིགས་གཏོང་དགོས་པའི་དགོངས་འཆར་བཏོན་འདུག དབུ་བཞུགས་ཀྲུའུ་ཞི་ཟུར་པ་ལྦུ་ཏུན་དབྱི་ཡིས། ཁོ་རང་ལས་གནས་སུ་བསྡད་པ་ཡིན་ཚེ་ཀུན་གྱིས་སྒེར་སེམས་ཆེ་བར་འདོད་པས། ད་གཟོད་དགོངས་ཞུའི་གསལ་བསྒྲགས་སྤེལ་བ་ཡིན་ཟེར།
ཐེ་ཝན《ཀྲུང་ཧྲི་གློག་འཕྲིན་ཚགས་པར》གྱིས། ཚོགས་འདུ་གྲོལ་རྗེས། མ་ཡུན་ཅིའུ་ཡིས་ཝུ་ཏུན་དབྱི་དང་ཁེར་ཐུག་བགྲོ་གླེང་བྱར་མཐར། ཝུ་ཏུན་དབྱི་ཡིས་ཏང་གི་མཐུན་སྒྲིལ་གྱི་ཆེད་དུ་སང་ལོའི་ཟླ་དང་པོར་ཀྲུའུ་ཞི་བདམས་རག་བར་ལས་རྒྱུན་སྐྱོང་རྒྱུ་ཞེས་བཀོད་འདུག
ཏང་གི་ལས་ཚབ་དྲུང་ཡིག་ཆེན་མོ་ཧོང་ཞིའུ་ཀྲུ་ཡིས། ཝུ་ཏུན་དབྱི་དང་ཙའོ་ལུང་པེན་གྱིས་འགན་སྤྲོད་རྒྱུ་ཡིན་ཚུལ་བསྒྲགས་པ་ནི་འོས་འདེམས་ཀྱི་ཕམ་ཁར་འགན་ཁུར་བ་རེད་ཅེས་དང་། ད་ཆའི་ཀྲུའུ་ཞི་ཟུར་པ་ཝུ་ཏུན་དབྱི་ཡིས་ལས་ཚབ་ཀྲུའུ་ཞིའི་འགན་འཁུར་རྒྱུ་དང་། ཏང་གི་ཀྲུའུ་ཞི་གསར་པའི་འོས་འདེམས་ལ་ཞུགས་རྒྱུ་མིན་ཚུལ་བསྒྲགས་པ་དེ་ནི་མཇུག་འབྲས་ལེགས་ཤོས་རེད་ཟེར།
དེ་སྔོན་སྨྱན་སྦྱོར་དག་གིས་མ་ཡུན་ཅིའུ་ཡིས་གཟའ་ལྷག་པའི(ཚེས༣ཉིན)ཉིན་སྟེ། གོ་མིན་ཏང་གི་རྒྱུན་ལས་གྲོས་ཚོགས་སྟེང་འགན་སྤྲོད་དགོངས་པ་ཞུ་རྒྱུའི་སྐོར་བསྒྲགས་རྒྱུ་རེད་ཅེས་བཀོད་འདུག་མོད། ཁོང་གིས་ཚེས ༢ ཉིན་ལས་འགན་སྤྲད་པ་མ་ཟད་གསལ་བསྒྲགས་རིང་པོ་ཞིག་སྤེལ་བ་དེར། གླེང་ཕྱོགས་སོ་སོས། དེ་ནི་མ་ཡུན་ཅིའུ་ཡིས་ཉིན་འདི་དག་རིང་ཁོ་རང་སྐྱོར་མཁན་དང་དྲིལ་མཁན་དག་གི་རྩོད་རྙོག་གིས་གོ་མིན་ཏང་གི་ཁེ་ཕན་ལ་མི་གནོད་པར་བྱས་པ་རེད་ཅེས་དབྱེ་ཞིབ་བྱས་འདུག
མ་ཡུན་ཅིའུ་ཡིས་གོ་མིན་ཏང་གི་ཀྲུའུ་ཞིས་འགན་སྤྲོད་དགོངས་པ་ཞུས་པའི་ཐད། ་རྒྱལ་སྲིད་སྤྱི་ཁྱབ་ཐེ་ཝན་ལས་དོན་ཁང་གིས་ཚེས ༢ ཉིན་དགོང་མོར་བསམ་ཚུལ་བརྗོད་དོན། མགྲིན་ཚབ་པ་ཧྥན་ལི་ཆིང་གིས། “འབྲེལ་ཡོད་གནས་ཚུལ་སྐོར་ང་ཚོས་མཉམ་འཇོག་གནང་ཡོད” ཁོ་མོས། ལོ་འདི་འགའི་རིང་། གོ་གུང་ཏང་གཉིས་དང་མཚོ་འགག་གཉིས་ཀྱི་རིགས་མཐུན་སྤུན་ཟླ་དག་གི་ཐུན་མོང་འབད་བརྩོན་བྱས་ངོར། མཚོ་འགག་གཉིས་དབར་ཞི་བདེ་གོང་འཕེལ་གྱི་འབྲེལ་བ་ལེགས་པོ་གཏོད་ཐུབ་པ་བྱུང་པ་དང་། ཐེ་ཝན་མཚོ་འགག་གི་ས་ཁུལ་དུ་ཞི་བདེ་བརྟན་འཇགས་བྱུང་ནས། མཚོ་འགག་གཉིས་ཀྱི་སྤུན་ཟླར་དོན་དང་མཐུན་པའི་ཕན་ཁེ་བསྐྲུན་ཡོད། དེ་ཡང་མཚོ་འགག་གཉིས་སུ་ཞི་བདེ་འཕེལ་རྒྱས་ཡོང་རྒྱུ་ནི་མཚོ་འགག་གཉིས་ཀྱི་མང་ཚོགས་ཀྱི་འདོད་ཕྱོགས་གཙོ་བོ་ཡིན་པས། ང་ཚོས“དགུ་གཉིས་སྤྱི་ཆིངས”ཀྱི་རྨང་གཞིའི་སྟེང་། མཚོ་འགག་གཉིས་ཀྱི་ལས་ཁུངས་སོ་སོའི་འབྲེལ་འདྲིས་མཉམ་ལས་སྔར་བས་གཏིང་ཟབ་ཡོང་ནས། མཚོ་འགག་གཉིས་ཀྱི་ཞི་བདེ་འཕེལ་རྒྱས་ཀྱི་འབྲེལ་བ་མུ་མཐུད་དུ་སྐུལ་འདེད་བྱ་རྒྱུ་ཡིན་ཞེས་བསྟན་འདུག(རྩོམ་འགན་པ། རྟ་མགྲིན)