ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་1ཚེས་23ཉིན་ཚོགས་འདུ་འཚོགས་ཏེ《རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་རྩ་གནད 》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་ལ་ཕུལ་བའི་ལས་དོན་སྙན་ཞུའི་ཕྱོགས་བསྡུས་གནས་ཚུལ་གྱི་སྙན་སྒྲོན་གསན་པ། 2014ལོར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱས་ཚུལ་སྐོར་གྱི་སྙན་ཞུ་གསན་པ་དང་གོམ་སྟབས་རྗེས་མའི་སྤྱོད་ཚུལ་ལེགས་སུ་གཏོང་བའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་གནང་ཞིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་དེང་སྐབས་རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་ཆེ་བ་དང་། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ། སྒྱུར་བཅོས་བྱ་རྒྱུ་དེ་འགག་སྒྲོལ་དུས་སྐབས་དང་རྙོག་འཛིང་ཆེ་སར་སླེབས་པ། སྤྱི་ཚོགས་ཀྱི་འགལ་ཟླ་ཐོན་མང་བ། སྔོན་དཔག་ཐུབ་པ་དང་སྔོན་དཔག་དཀའ་བའི་བདེ་འཇགས་ཀྱི་ཉེན་ཁ་དང་འགྲན་སློང་སྔར་བྱུང་མ་མྱོང་བ་བཅས་འཕྲད་པས་ངེས་པར་དུ་སེམས་ཁྲལ་གྱི་འདུ་ཤེས་སྔ་ཕྱི་བར་གསུམ་དུ་ཟབ་ཏུ་བཏང་ནས་བདེ་སྡོད་ཉེན་བསམ་ཐུབ་པ་བྱེད་དགོས། 《རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་རྩ་གནད》བཟོ་བ་དང་ལག་བསྟར་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་ནུས་ལྡན་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་བླང་བྱ་བཅས་རེད། དུས་བབ་གསར་པའི་འོག་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པར་ངེས་པར་དུ་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། རྒྱལ་ཁབ་ཀྱི་ལྟེ་བ་དང་གལ་ཆེའི་ཁེ་ཕན་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཏེ་མི་དམངས་ཀྱི་བདེ་འཇགས་དམིགས་ཡུལ་དུ་བྱས་ནས་འཕེལ་རྒྱས་དང་སྒྱུར་བཅོས་སྒོ་དབྱེའི་ཁྲོད་བདེ་འཇགས་ལ་སྐུལ་འདེད་བཏང་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་འགྲོ་ལམ་ཐོག་བསྐྱོད་དགོས། ཁྱབ་ཁོངས་ཁག་གི་རྒྱལ་ཁབ་བདེ་འཇགས་ལས་དོན་ཡག་པོ་བསྒྲུབས་ནས་རྒྱལ་ཁབ་བདེ་འཇགས་ཀྱི་འགན་སྲུང་ནུས་པ་ཁག་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཐོག་ཁྲིམས་སྐྱོང་དེ་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས་པའི་ངོས་འཛིན་གནང་བ་རེད།
ཚོགས་འདུའི་ཐོག་ཡང་དག་པའི་འགན་ཁེའི་ལྟ་བ་མཐའ་འཁྱོངས་བྱས་ཏེ་ཁྱོན་ཡོངས་དང་། ཐུན་མོང་། མཉམ་ལས། རྒྱུན་སྲིང་ངང་བདེ་འཇགས་བཅས་ཡོང་བ་བྱས་ཐོག་རང་རྒྱལ་གྱི་ཁེ་ཕན་ལ་སྲུང་སྐྱོང་ཧུར་ཐག་བྱེད་པ་དང་། དུས་མཚུངས་འཛམ་གླིང་རྒྱལ་ཁབ་ཁག་གི་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཆེན་པོའི་འབྲེལ་བ་ཡག་པོ་འཛུགས་པ་དང་མཐའ་འཁོར་གྱི་བདེ་འཇགས་ཁོར་ཡུག་ཡག་པོ་བཏོད་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ས་ཁུལ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ཐོག་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་ཞེས་བཏོན་གནང་བ་རེད།
ཚོགས་འདུའི་ཐོག་རྒྱལ་ཁབ་བདེ་འཇགས་ནི་རྒྱལ་ཁབ་བརྟན་ལྷིང་གི་རྨང་གཞི་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་ཐད་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་མཐའ་གཅིག་ཏུ་བྱ་རྒྱུར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་གཅིག་སྡུད་གཅིག་གྱུར་དང་ནུས་ཆེ་དབང་གྲགས་ཀྱི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་འགོ་ཁྲིད་ལམ་སྲོལ་མཐའ་འཁྱོངས་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་འདུ་ཤེས་ཀྱི་སློབ་གསོ་རྒྱག་རྒྱུར་ཤུགས་སྣོན་བརྒྱབ་ནས་བྱང་ཚད་མཐོ་བའི་རྒྱལ་ཁབ་བདེ་འཇགས་ཀྱི་ཆེད་ལས་དཔུང་ཁག་ཅིག་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་ལ་ཕུལ་བའི་ལས་དོན་སྙན་ཞུའི་ཕྱོགས་བསྡུས་གནས་ཚུལ་གྱི་སྙན་སྒྲོན་གསན་ནས་2014ལོའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་རེད། ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་དང་ཀྲུང་དབྱང་ཆབ་སྲིད་ཅུས་ལ་ཕུལ་བའི་ལས་དོན་སྙན་ཞུ་དེ་ནི་རང་རེའི་ཏང་གི་དུས་ཡུན་རིང་པོའི་ནང་གྲུབ་པའི་སྲོལ་རྒྱུན་དང་ལམ་ལུགས་ཤིག་དང་། ཏང་ཀྲུང་དབྱང་གི་གཅིག་སྡུད་དང་གཅིག་གྱུར་ངང་འགོ་ཁྲིད་བྱ་རྒྱུ་འགན་ལེན་བྱེད་པའི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་ཅིག་ཡིན་པས་དེའི་ཐད་ཀྱི་ལམ་ལུགས་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ཐོག་རང་རྟོགས་ངང་བརྩི་འཇོག་ཞུ་བ་དང་འབྲེལ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་ངོས་འཛིན་གནང་བ་རེད།
ཚོགས་འདུའི་ཐོག་དེང་དུས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་བྱེད་པ་དང་། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ཁྲིམས་ལྟར་ཁྱོན་ཡོངས་ནས་རྒྱལ་ཁབ་སྐྱོང་བ། ཁྱོན་ཡོངས་ནས་ཏང་ནན་པོ་སྐྱོང་བ་བཅས་ལ་སྤྱི་འདོམས་བྱེད་པའི་ལས་འགན་ཧ་ཅང་དཀའ་ཚེགས་ཆེ་ལ་ལྗིད་པོ་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་བློ་རྩེ་གཅིག་སྒྲིམ་གྱིས་ནུས་ཤུགས་བཏོན་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་གི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་ཐུབ་རྒྱུའི་འགན་ལེན་བྱེད་དགོས་ཤིང་། དུས་བབ་ལ་ལྟ་བ་དང་། སྤྱི་ཡོངས་ཁོང་དུ་ཆུད་པ། དོན་ཆེན་གྲོས་བསྡུར་བྱེད་པ། དོན་ཆེན་དམ་འཛིན་བྱེད་པ་བཅས་བྱས་ཐོག་ལྟེ་བར་དམིགས་པ་དང་། གཙོ་གནད་འབུར་དུ་ཐོན་པ། འགན་ནུས་ཧུར་ཐག་སྒྲུབ་པ། འབད་འབུངས་ཆེར་སྐྱེད་བྱེད་པ་བཅས་བྱས་ནས་འགན་ནུས་འདོན་སྤེལ་གང་ལེགས་བྱེད་དགོས་པ། ཏང་ཙུའུ་ཡི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཧུར་ཐག་རྒྱག་པ་དང་། ཏང་གི་སྒྲིག་ཡིག་གི་བླང་བྱ་དོན་འཁྱོལ་བྱེད་པ། འབྲེལ་ཡོད་ལམ་ལུགས་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཏང་ནང་གི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཁྱོན་ཡོངས་ནས་ཏང་ནན་པོ་སྐྱོང་བའི་འགན་འཁྲི་ཏན་ཏིག་ངང་འཁུར་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་2014ལོར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱ་རྒྱུ་དེ་མུ་མཐུད་མངོན་གསལ་དོད་སར་བཞག་ནས་རྒྱུན་སྲིང་ལྷོད་མེད་ངང་ལག་བསྟར་བྱས་པ་དང་། ཆབས་ཅིག་སྤྱོད་ཚུལ་ཁྱབ་ཁོངས་ཐད་ཀྱི་གནས་ཚུལ་གསར་པ་དང་། གནད་དོན་གསར་པ། ཐོན་ཉེན་གསར་པ་བཅས་ལ་དམ་འཛིན་ནན་པོ་བྱས་ཐོག་ནན་པོ་དང་ནུས་ལྡན་གྱི་བྱ་ཐབས་ཐོག་ནས་དག་ཐེར་བྱས་པས་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་ཆད་མེད་པར་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་ཁྲིད་བྱས་ཡོད། 2014ལོར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱས་ཚུལ་ལ་ཁྱོན་ཡོངས་ནས་ཤེས་རྟོགས་བྱ་ཆེད། ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལྟ་སྐུལ་བརྟག་ཞིབ་ཚོགས་ཆུང་12བཙུགས་ཏེ་འབྲེལ་ཡོད་ས་ཁུལ་དང་། སྡེ་ཚན། གཞུང་ཁོངས་ཁེ་ལས་བཅས་ལ་བསྐྱོད་དེ་ས་གནས་ས་ཐོག་ཏུ་ལྟ་སྐུལ་ཞིབ་བཤེར་དང་བརྟག་ཞིབ་བྱས་པ་རེད། ལྟ་སྐུལ་ཞིབ་བཤེར་དང་བརྟག་ཞིབ་བྱས་པའི་གནས་ཚུལ་གྱི་ཐོག་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས “མཐའ་འཁྱོངས་བྱེད་པ་དང་། སྲ་བརྟན་དུ་གཏོང་བ། གཏིང་ཟབ་ཏུ་གཏོང་བ། རྒྱ་ཆེར་གཏོང་བ ”བཅས་ཀྱི་བླང་བྱ་གཞིར་བཟུང་། “འཆིང་སྔགས ”འདོན་གྱིན་འདོན་གྱིན་དམ་དུ་འགྲོ་བ་དང “སྡེབ་སྒྲིལ་ཁུ་ཚུར ”གཞུ་གྱིན་གཞུ་གྱིན་ཚགས་དམ་དུ་འགྲོ་བ་ལྟར་སྤྱོད་ཚུལ་འཛུགས་སྐྱོང་ཐད་རྣམ་པ་གསར་པ་ཞིག་ཆགས་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་བསམ་བློའི་ངོས་འཛིན་སྔར་བས་འགྱུར་ལྡོག་ཕྱིན་པ། གཅིག་སྡུད་ཆེད་དོན་བཅོས་སྒྲིག་གི་ཕན་འབྲས་མངོན་གསལ་དོད་པ། ལམ་ལུགས་འཛུགས་སྐྱོང་གི་གྲུབ་འབྲས་གཡུར་དུ་ཟ་བ། སྤྱོད་ཚུལ་ལེགས་སུ་དང་སྒྲིག་ཁྲིམས་ནན་དུ་འགྲོ་རྒྱུར་རྒྱུན་མཐུད་ངང་ཤུགས་སྣོན་ཐེབས་པ། སྒྲིག་འགལ་གྱི་བྱེད་སྤྱོད་ཁག་གཅིག་ཐག་གཅོད་ནན་པོ་བྱས་པ་བཅས་མངོན་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་མཐུད་ངང་ལག་བསྟར་དོན་འཁྱོལ་བྱས་ནས་མང་ཚོགས་ཀྱིས་འཁོན་འཛིན་ཞེ་ནད་བྱེད་པའི “སྤྱོད་ཚུལ་བཞིའི ”གནད་དོན་ཁ་ཤས་ཐག་གཅོད་བྱས་པ་དང་། དེ་སྔ་གཏན་འགོག་བྱེད་མི་ཐུབ་སྙམ་པའི་ཚུལ་མིན་སྤྱོད་ངན་ཁ་ཤས་གཏན་འགོག་བྱས་པ། རྒྱུན་མཐོང་ཡ་མཚན་མི་སྐྱེས་པའི་སྲོལ་ངན་ཁ་ཤས་བསལ་བ། ཏང་སྲོལ་སྲིད་སྲོལ་སྔར་བས་འགྱུར་ལྡོག་ཡག་པོ་འགྲོ་བ། ཏང་དང་མང་ཚོགས་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་སྔར་བས་དམ་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་བཅས་བྱུང་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པའི་ངོས་འཛིན་གནང་བ་རེད།
ཚོགས་འདུའི་ཐོག་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱས་ཚུན་གལ་ཆེའི་ཕན་འབྲས་གསར་པ་ཐོབ་ཡོད་ཀྱང་སྣང་ཆུང་བྱེད་མི་རུང་བའི་གནད་དོན་སྔར་བཞིན་ཡོད་པ་སྟེ་གནོན་ཤུགས་ལ་སྐྲག་ནས་བྱེད་མི་ནུས་པའི་གནས་ཚུལ་མངོན་གསལ་དོད་ཙམ་ཡོད་པ་དང་། འབྲེལ་ཡོད་ཀྱི་གཏན་འབེབས་ནན་པོ་སྲུང་བའི་རང་འགུལ་རང་བཞིན་ད་དུང་ཡོངས་ཁྱབ་ངང་ཆགས་མེད་པ། སྒྲིག་འགལ་གྱི་བྱེད་སྤྱོད་ཁག་གཅིག་གཏན་འགོག་བྱས་ཀྱང་མཚམས་མི་ཆད་པ་དང་བབ་བསྟུན་སྒྱུར་བཅོས་བྱེད་ཚུལ་མངོན་གསལ་དོད་པ། ལམ་ལུགས་དོན་འཁྱོལ་མི་ཐུབ་པའི་སྲོལ་ངན་སྔར་བཞིན་ཐག་གཅོད་མི་ཐུབ་པར “མི་གསོབ ”ལྟ་བུའི་སྣང་ཚུལ་ཁ་ཚ་དགོས་གཏུགས་ངང་ཐག་གཅོད་བྱེད་དགོས་པ་བཅས་རེད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་ཚུལ་མིན་སྤྱོད་ཚུལ་བསྐྱར་ལོག་ཐེབས་རྒྱུར་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། རིམ་ཁག་ཏང་ཨུད (ཏང་ཙུའུ )ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་འགན་འཁྲི་གཙོ་བོ་ཤུགས་ཆེར་དང་དོན་འཁྱོལ་བྱས་ནས་འགན་འཁྲིའི་གསལ་ཐོ་དང་འགན་འཁྲི་བདའ་འདེད་གཏོང་བའི་གཏན་འབེབས་ཁ་གསལ་བཟོ་དགོས། གཟེར་རྒྱག་གི་སྙིང་སྟོབས་ཐོག་ནས་ལམ་ལུགས་ལག་བསྟར་ལ་དམ་འཛིན་བྱས་ཏེ་གཞུང་དོན་སྣེ་ལེན་དང་། གཞུང་དོན་སྒྲུབ་སའི་ཁང་པ། ཚོགས་འདུ་གསོ་སྦྱོང་། ཕྱི་རྒྱལ་དུ་གཞུང་དོན་སྒྲུབ་པ། འགོ་ཁྲིད་ལས་བྱེད་པའི་ཐོབ་ཐང་། དྲུང་ཡིག་བཀོད་སྒྲིག འགོ་ཁྲིད་ལས་བྱེད་པས་ཚོགས་པའི་ནང་འགན་གཅིག་ལྕོགས་འཁུར་བ། གཞུང་ཁོངས་ཁེ་ལས་ཀྱི་འགན་འཁུར་བའི་གླ་ཕོགས་ལམ་ལུགས་སྒྱུར་བཅོས་སོགས་ཐད་ཀྱི་ལམ་ལུགས་དོན་འཁྱོལ་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་དགོས། ལས་བྱེད་པ་དང་མང་ཚོགས་ཀྱིས་གླེང་མང་བའི་མངོན་གསལ་གནད་དོན་ལ་དམིགས་ནས་ཆེད་དོན་བཅོས་སྐྱོང་སྔར་བས་ཡག་པོ་བྱེད་པ་དང་། ལྷག་པར་དུ་གཞུང་འཁོར་གྱི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གསོ་སྦྱོང་ལྟེ་གནས་དང་། མི་སྒེར་གྱི་འདུ་གནས། ལུས་གསོ་ཁང་བཅས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ཆེན་དང་གྲོང་ཁྱེར་དུ་བཅའ་སྡོད་ལས་སྒྲུབ་སྒྲིག་གཞི་གཙང་སེལ་བྱེད་པ་དང་ཚད་ལྡན་དུ་གཏོང་བའི་ལས་དོན་ནན་པོ་སྒྲུབ་པ། ཁྲིམས་འཛིན་དང་། ལྟ་སྐུལ་དོ་དམ། སྤྱི་པའི་ཞབས་ཞུ་སོགས་ཀྱི་སྐར་ཁུང་ལས་རིགས་དང་ཁྱབ་ཁོངས་ཀྱིས་སྒྲིག་འགལ་ངང་འགྲོ་གྲོན་བསྡུ་བ་དང་། ཤོག་ཆག་དང་ཉོ་སྒྲུབ་གཱ་སོགས་ལེན་པའི་གནད་དོན་མུ་མཐུད་བཅོས་སྒྲིག་བྱེད་པ། གང་བྱུང་དུ་བསྡུ་ཆ་རྒྱག་པ་དང་དཔྱད་བསྡུར་དཔྱད་ཞིབ་བྱེད་དྲགས་པ་སོགས་ཀྱི་གནད་དོན་མུ་མཐུད་ཐག་གཅོད་བྱེད་པ། གཞུང་དངུལ་སྤྱད་དེ་བཟའ་བཏུང་བྱེད་པ་དང་ཡུལ་སྐོར་བྱེད་པ་སོགས་ཀྱི་གནད་དོན་མངོན་གསལ་དོད་པོས་ཞིབ་བཤེར་དང་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ་བཅས་བྱེད་དགོས། འགོ་ཁྲིད་རིམ་ངོས་སུ “སྤྱོད་ཚུལ་བཞིར ”ངོ་རྒོལ་དང་སྤྱོད་ཚུལ་འགྱུར་ལྡོག་གཏོང་བའི་བྱེད་སྒོ་མུ་མཐུད་གཏིང་ཟབ་ངང་སྤེལ་བ་དང་། ལྷག་པར་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་སྲུང་བའི་ལས་དོན་གཅིག་སྡུད་ངང་དམ་འཛིན་ཡག་པོ་བྱས་ནས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་ལ་ཞིབ་འཇུག་གནང་བ་རེད།(རྩོམ་འགན་པ། རྟ་མགྲིན)