ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཉི་ཧོང་གི་ཆུ་རྐྱལ་པས་རེན་ཁྲོན་དུ་ཁོར་ལྷོའི་གསར་འགོད་པའི་པར་ཆས་བརྐུས་མེད་ཅེས་ཁྲ་སློག་བྱས།

2015-01-15
  ཤིན་ཧྭ་གསར་འགྱུར་ཁང་ཧྲོའར་ནས་ཟླ་1ཚེས་12ཉིན་ལུས་རྩལ་ཆེད་གཏོང་གློག་འཕྲིན་འབྱོར་གསལ། ན་ནིང་རེན་ཁྲོན་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཐོག་གསར་འགོད་པའི་པར་ཆས་བརྐུས་པའི་རྐྱེན་གྱིས་མིང་ཆད་ངན་པ་ཆགས་པའི་ཉི་ཧོང་གི་ཆུ་རྐྱལ་ལུས་རྩལ་པ་ཕུའུ་ཐན་ཧྲང་སྨི་ཡིས་ཚེས་12ཉིན་རེན་ཁྲོན་ས་གནས་ཁྲིམས་ཁང་དུ་འདྲི་གཅོད་དང་ལེན་བྱས་ཤིང་། ལྟ་སྐུལ་ཚོད་འཛིན་བརྙན་པར་སོགས་ཀྱི་དཔང་རྟགས་ཁུངས་བཙན་ཡོད་ཀྱང་ཁོ་པས་ད་དུང་པར་ཆས་བརྐུས་མེད་ཅེས་མཐའ་གཅིག་ཏུ་བཤད་པ་དང་རང་ཉིད་ལ་མ་ཉེས་ཁ་གཡོགས་བྱས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
  ཞིབ་དཔྱོད་ཕྱོགས་ཀྱིས་མཁོ་འདོན་བྱས་པའི་བརྙན་ཕབ་དཔང་རྟགས་ལས་མངོན་པར་གཞིགས་ན། ཕུའུ་ཐན་གྱིས་ན་ནིང་ཟླ་9ཚེས་25ཉིན་རེན་ཁྲོན་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཆུ་རྐྱལ་ཁང་དུ་རུ་ཁག་གཅིག་པའི་སྦྱོང་བརྡར་ལ་ལྟ་སྐབས་ཉེ་འགྲམ་དུ་ལྟ་སྲུང་བྱེད་མཁན་མེད་པའི་ཆེད་ལས་པར་ཆས་སྤུས་ལེགས་ཤིག་ལག་ཞོར་བཏང་བ་དང་པར་ཆས་དེ་ནི་དེ་གར་ལས་དོན་སྒྲུབ་བཞིན་པའི་ཁོར་ལྷོའི་གསར་འགོད་པ་ཞིག་གི་པར་ཆས་ཡིན་པ་རེད།
  རེན་ཁྲོན་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་མཇུག་འགྲིལ་རྗེས་ཉི་ཧོང་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གིས་ཁོང་ཚོས་ལྟ་སྐུལ་ཚོད་འཛིན་བརྙན་པར་ལ་ཞིབ་ཕྲ་བལྟས་རྗེས་ཕུའུ་ཐན་གྱི་བྱེད་སྤྱོད་དེ་འབྲེལ་ཡོད་བྱེད་སྤྱོད་ཀྱི་ཚད་གཞི་ལས་ཚབས་ཆེན་འགལ་བའི་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཁོ་པར་ཆད་པ་ཚབས་ཆེན་གཅོད་རྒྱུ་ཡིན་ལ་ཟླ་18འགྲན་བསྡུར་ནང་ཞུགས་མི་ཆོག་པའི་གཏན་འབེབས་བྱས་ཡོད་ཅེས་བརྗོད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག