ཨོ་སི་ཐྲ་ལི་ཡའི་ལོ ༦༢ སོན་པའི་ཕ་རྒན(Phil Baker)གྱིས་ཉིན་ཤས་སྔོན་ལོ ༡༣ ལ་ངོ་མ་འཕྲད་པའི་བུ(Benji)དང་ཝེལ་སི་ལྷོ་གསར་གྱི་མཚོ་འགྲམ་ནས་འཕྲད་རྒྱུའི་ཁ་ཆད་བྱས་ཤིང་། སྒུག་སྡོད་དུས། གྲུ་ཤུད་མཁན་ཞིག་ལ་ཉེན་ཁ་བྱུང་བ་མཐོང་ནས་དེ་མུར་རོགས་བྱེད་དུ་ཕྱིན་པ་དང་། དྲན་པ་འཐོར་བའི་གཞོན་ནུ་ཞིག་གི་སྲོག་བསྐྱབས་ཡོད་འདུག ཧ་ལས་དགོས་པ་ཞིག་ལ་ཉེན་ཁར་འཕྲད་པའི་ན་གཞོན་དེ་ཏག་ཏག་ཁོ་རང་གི་བུ་ལོ ༢༡ སོན་པ་དེ་ཡིན་པ་རེད།
ཧྥེར་མི་སྐྱོབ་དུ་འགྲོ་དུས། གཞོན་ནུ་དེ་རྒྱུས་མེད་ཅིག་ཡིན་ཤག་ཤག་བྱས་བསྡད་ཡོད་ནའང་། ཕ་རོལ་པོའི་མིག་ཟུང་མཐོང་མ་ཐག ཁོས་ཁ་འཐོར་ཡུན་རིང་ཕྱིན་པའི་རང་གི་བུ་ཡིན་པ་ཤེས་ཤིང་། གྲུ་ཤུད་ཁྲིད་སྟོན་སར་ཕྱིན་ནས་བསྐྱར་དུ་ཁོ་ཐག་བཅད་པ་དང་། ད་དུང་སད་མེད་པའི་རང་གི་བུ་ལ“ང་ཁྱོད་ཀྱི་པ་ཕ་ཡིན། ཁྱོད་ལ་སྐྱོན་ཡོད་མ་རེད”ཅེས་བརྗོད།
ཧྥེར་དང་བཟའ་ཟླ་སྔ་མ་གཉིས་བུ་དེ་ལོ ༣ ཡིན་དུས་ཁ་ཁ་བྱས་ཤིང་། དེ་རྗེས་བུ་ཁོ་རང་གི་མ་དང་མཉམ་དུ་ཨིན་ཇིར་ཕྱིན་པ་དང་། ཧྥེར་རང་ཉིད་ཨོ་སི་ཐྲ་ལི་ཡར་བསྡད། ཁོ་ཕ་བུ་གཉིས་ཀྱིས་གློག་ཡིག་དང་ཡེ་ཤུའི་འཁྲུངས་སྐར་ཤོག་བྱང་བསྐུར་རེས་བྱས་ནའང་། བུ་ལོ ༨ ལ་སོན་པ་ནས་ཕར་ཚུར་བར་འབྲེལ་ཐག་ཆད་པ་རེད།(རྩོམ་འགན་པ། རྟ་མགྲིན)