དབྱིན་ཇིའི་ཟླ ༡༢ པའི་ཚེས ༦ ཉིན་གྱི་གསར་འགྱུར་ལྟར་ན། རི་མོ་བཤམས་སྟོན་ཁང་དུ་བཀྲམ་པའི་སྐད་གྲགས་ཅན་གྱི་རི་མོ་བ་མོ་ནེ་ཐིའི(Claude Monet)རི་མོ་ཞིག་ལ་གསར་བུ་ཞིག་གིས་ཅི་བྱུང་འདི་བྱུང་མེད་པར་ཁུ་ཚུར་གྱིས་བསྣུན་ནས་གཙབ་བྱུང་ཟེར། རི་མོ་འདི་ནི་དབྱིན་སྒོར་འབུམ་བདུན་དང་ཁྲི་བརྒྱད་གྱི་རིན་གོང་ཅན་གྱི་རི་མོ་རྩ་ཆེན་ཞིག་ཡིན་པས། གསར་བུ་དེ་བཙོན་ལ་བཅུག་ནས་ལོ་ལྔའི་ཁྲིམས་ཐག་བཅད་པ་རེད།
༢༠༡༢ ལོའི་ཟླ ༦ པའི་ཚེས ༢༩ ཉིན། ཨན་ཀྲོ་ཤ་ལོན་གྱིས་ཨེར་ལན་དྷི(Ireland)རི་མོ་བཤམས་སྟོན་ཁང་ནས་ཧྥ་རན་སིའི་འཆར་སྣང་རིང་ལུགས་པའི་རི་མོ་བ་སྐད་གྲགས་ཅན་མོ་ནེ་ཐིའི《ཨ་རན་ཧི་ཐི་གཤོང་སའི་སེ་ནཱ་གཙང་པོའི་ནང་གི་གཡོར་གྲུ》ཞེས་པའི་རི་མོ་དེའི་མདུན་ནས་ཡུད་ཙམ་ལ་བསྡད་རྗེས་གློ་བུར་དུ་ཅི་བྱུང་འདི་བྱུང་མེད་པར་རི་མོ་དེའི་སྟེང་དུ་ཁུ་ཚུར་གྱིས་བསྣུན་ནས་གཙབ།
ཨན་ཀྲོ་ཤ་ལོན་གྱི་སྨྱོ་རྟགས་ཀྱིས་ལོ་ངོ ༡༤༠ ལྷག་འགོར་བའི་རི་མོ་དེ་ལ་ཁུང་བུ་ཆེན་པོ་ཞིག་བཏོད་ཅིང་། རི་མོའི་བཞི་ཆའི་གཅིག་བརླག་པ་དང་སྣུམ་ཚོན་སོགས་ཀྱང་ཐང་དུ་འཐོར། དོན་དག་དེ་བྱུང་རྗེས་རི་མོ་བཤམས་སྟོན་ཁང་གིས་རི་མོ་དེ་མར་བླངས་ནས་སླར་བཞེངས་བྱས་པ་དང་། ཨན་ཀྲོ་ཤ་ལོན་ཉེན་རྟོག་པས་འཛིན་བཟུང་བྱས།
ཤ་ལོན་གྱིས་ཁོ་སྐབས་དེར་མགོ་ཡུ་འཁོར་ནས་རི་མོའི་སྟེང་དུ་འགྱེལ་པ་རེད་ཟེར། ཡིན་ཡང་བཤམས་སྟོན་ཁང་གི་བརྙན་མིག་ནང་དུ་ཁོས་བསམ་གཟས་ནས་རི་མོར་ཁུ་ཚུར་གྱིས་བསྣུན་པ་གསལ་བོར་མཐོང་པས། ཟླ ༡༢ པའི་ཚེས ༦ ཉིན་ཁྲིམས་ཁང་གིས་ཁོ་ལ་ལོ་ལྔ་ཡི་ཁྲིམས་ཐག་བཅད་ཅིང་། བཙོན་ནས་གྲོལ་རྗེས་ཀྱི་ལོ་གཅིག་དང་ཟླ་བ་གསུམ་རིང་ལ་རི་མོ་བཤམས་སྟོན་ཁང་སོགས་གཅིག་ལའང་སོང་མི་ཆོག་པའི་ཐག་བཅད།
《ཨ་རན་ཧི་ཐི་གཤོང་སའི་སེ་ནཱ་གཙང་པོའི་ནང་གི་གཡོར་གྲུ》ཞེས་པའི་རི་མོ་དེ་ནི་མོ་ནེ་ཐིས་སྤྱི་ལོ ༡༨༧༤ ལོར་བྲིས་པའི་སྣུམ་ཚོན་རི་མོ་ཞིག་ཡིན་ཞིང་། ཨེར་ལན་དྷི་རི་མོ་བཤམས་སྟོན་ཁང་གི་མོ་ནེ་ཐིའི་བརྩམས་ཆོས་ཁོ་ན་དེ་ཡིན། རི་མོ་དེར་བརླག་སྐྱོན་ཐེབས་དྲག་པས་འབྲེལ་ཡོད་མི་སྣས་ལོ་གཅིག་དང་ཟླ་བ་དྲུག་གི་དུས་ཚོད་སྤྱད་ནས་ཕྲ་མཐོང་ཤེལ་དང་། ཆེད་དུ་བཟོས་པའི་སྣུམ་བཞུ་བྱེད་སོགས་ཡོ་བྱད་མང་པོ་བཀོལ་ཏེ་རི་མོ་དེར་སླར་བཞེངས་བྱས།
ད་ལོའི་ཟླ ༧ པའི་ཚེས ༡ ཉིན་རི་མོ་དེས་ཡང་བསྐྱར་བཤམས་སྟོན་ཁང་ནས་སྔར་མདངས་ངོམ་པ་དང་། སྔར་གྱི་དོན་རྐྱེན་དེ་ལྟ་བུ་མི་འབྱུང་བའི་ཆེད་དུ་ཐེངས་འདིར་རི་མོ་ལ་ཤེལ་གྱི་རུ་བཞི། སྨུག་ཕྱིའི་འོད་ཐིག་འབྱེད་བྱེད་དང་། བརླན་བཤེར་འགོག་བྱེད་སོགས་ཀྱི་སྒྲིག་ཆས་བསྣན།(རྩོམ་འགན་པ། སྒྲོལ་ཚེ)