ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ད་ལོའི《དུས་བབ》ཀྱི་གཟེངས་རྟགས་ཨེ་བྷོ་ལ་ནད་འགོག་དཔའ་བོ་ལ་སྤྲད།

2014-12-12 དབང་འབུམ།
  ཉིག་ཡོག་གསར་འགྱུར་ལྟར་ན་ཚེས ༡༠ ཉིན《དུས་བབ》ཀྱིས་ད་ལོའི་ཕུལ་བྱུང་མི་སྣའི་གཟེངས་རྟགས་བདམས་ཐོན་བྱུང་བ་གསལ་བསྒྲགས་བྱས། ༢༠༡༤ ལོའི《དུས་བབ》ཀྱི་གཟེངས་རྟགས་དེ་ད་ལོར་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པའི་མི་སྣ་སྟེ་ཨེ་བྷོ་ལ(Ebola)ནད་དུག་འགོག་པའི་དཔའ་བོ་དག་ལ་གནང་འདུག
   ༢༠༡༤ ལོར་ས་ཁུལ་ཆུང་ངུ་ཞིག་གི་ཨེ་བྷོ་ལ(Ebola)ནད་དུག་དེ་མཐར་འཛམ་གླིང་ཡོངས་ཀྱི་འགོས་ནད་ཅིག་ཏུ་གྱུར་ཅིང་། 《དུས་བབ》ཀྱི་རྩོམ་སྒྲིག་པ་ནནྶི་གྦྷེེསིས(Nancy Gibbs)ཨེ་བྷོ་ལ(Ebola)ནད་དུག་འགོག་པའི་བརྒྱུད་རིམ་ནི་ནད་དང་འཐབ་པའི་འཐབ་རྩོད་ཅིག་དང་མིའི་རིགས་ལ་བསྒྲགས་པའི་ཉེན་བརྡ་ཞིག་ཀྱང་ཡིན། འཇིག་རྟེན་འདིར་གོ་ལའི་འཕྲོད་རྟེན་མ་ལག་ནི་འགོས་ནད་འགོག་པའི་མཚོན་ཆ་གལ་ཆེན་ཞིག་དང་ང་ཚོ་བདེ་ཐང་གིས་འཚོ་བའི་རྒྱབ་རི་ལྟ་བུ་ཡིན། ཡིན་ཡང་ང་ཚོས་་་་་་འདིར་བརྗོད་པའི་ང་ཚོ་ནི་འགོས་ནད་ཀྱི་འཇིགས་པའི་འོག་ཏུ་ཐར་ལམ་འཚོལ་བའི་མི་དེ་དག་ཁོ་ན་མ་ཡིན་པར་སའི་གོ་ལའི་སྟེང་དུ་འཚོ་བའི་མི་རེ་རེ་ལ་ཟེར་བ་ཡིན། ཨེ་བྷོ་ལ(Ebola)ནད་དུག་གིས་མི་རེ་རེ་ལ་ཉེན་བརྡ་རྒྱག་གིན་འདུག ཉིན་རེ་རེ་ལའང་དེའི་རྐྱེན་གྱིས་མི་མང་པོ་འདས་ཀྱིན་འདུག འཇིག་རྟེན་འདིའི་སྟེང་མི་མང་པོ་ཞིག་ད་དུང་མཚན་མོ་གཉིད་སྐྱིད་པོར་ལོག་ཆོག་པའང་གནད་འགག་གི་སྐབས་སུ་རང་སྲོག་ལ་མི་འཛེམས་པར་མཆོངས་འོངས་པའི་ནད་འགོག་དཔའ་བོ་དེ་དག་གི་དྲིན་ཡིན་ལ། ཁོ་ཚོའི་སྤོབས་པ། གཞན་ཕན་གྱི་སེམས། དཀའ་སྡུག་ལ་མི་འཛེམ་པའི་རང་གཤིས་སོགས་ཀྱིས་ང་ཚོར་ནད་དུག་ལས་ཐར་བའི་དུས་ཚོད་སྦྱིན་པ་རེད། ཁོ་ཚོའི་སྤོབས་པ་ལ་བཀའ་དྲིན་ཞུ། ཁོ་ཚོའི་ཕན་སེམས་ལ་བཀའ་དྲིན་ཞུ། ཁོ་ཚོའི་འབད་པ་ལ་བཀའ་དྲིན་ཞུ། ཁོ་ཚོས་རང་སྲོག་བློས་བཏང་སྟེ་གཞན་སྲོག་བསྐྱབས་པར་བཀའ་དྲིན་ཞུ། ཁོ་ཚོས་གནམ་འོག་གི་མི་ཚང་མ་བསྐྱབས་པ་ལ་བཀའ་དྲིན་ཞུ། ༢༠༡༤ལོའི 《དུས་བབ》ཀྱི་གཟེངས་རྟགས་འཛམ་གླིང་ཡོངས་ཀྱི་ཨེ་འགོག་དཔའ་བོ་རྣམས་ལ་སྦྱིན་པ་ཡིན།
  ཐེངས་འདིའི《དུས་བབ》དུས་དེབ་ཀྱི་ཤོག་ངོས་ལྔ་ཙམ་གྱི་ནང་དོན་གྱིས་མདུན་ངོས་ཀྱི་མི་སྣ་སྟེ་ཨེ་འགོག་དཔའ་བོ་དག་གི་གནས་ཚུལ་བཀོད་ཡོད། ཤོག་ངོས་རེ་རེ་ནས་ཧྥེ་གླིང་ནུབ་མའི་ཨེ་བྷོ་ལ(Ebola)ནད་དུག་འགོག་པའི་དཔའ་བོ་དག་གི་གནས་ཚུལ་འཁོད་ཡོད་ཅིང་། བསྡོམས་པའི་མི ༡༧༨༠༠ ལ་ཨེ་བྷོ་ལ(Ebola)ནད་དུག་འགོས་ཤིང་ཕལ་ཆེ་བ་ནི་ལི་བྷི་རེ་ཡ(Liberia)་དང་ཀེ་ནེ་ཡ(Guinea)། སེ་ར་ལེའོང(Sierra)་གི་ཡིན་ཞིང་། དེའི་ཁྲོད་མི ༦༣༠༠ ལྷག་འདས་སོང་།
  《དུས་བབ》ཀྱི་སྤྱིའི་རྩོམ་སྒྲིག་པ་སམ་ཇོ་ཁོ་བྷིས(Sam Jacobs)ཐེངས་འདིའི་སྙན་ཞུའི་ནང་དུ་མི་རྣམས་ལ་ཆེས་ཆ་རྒྱུས་ཡོད་པ་ནི་ཁེན་ཐུ་བྷི་རན་ཐི་ལེ(Kent Brantly)ཡིན་ངེས་ལ། ཁོ་ནི་ཧྥེ་གླིང་ནས་ལས་ཀ་གཉེར་པའི་ཆོས་སྒྲོག་པ་ཞིག་ཡིན་པ་དང་ཧྥེ་གླིང་ནས་ཨེ་བྷོ་ལ(Ebola)ནད་དུག་འགོས་རྗེས་ཨེ་ཐུ་ལན་ཐཱ(Atlanta)ལ་གནམ་གྲུར་བསྡད་དེ་འོངས་ནས་དྲག་སྐྱེད་བྱུང་། ཡིན་ཡང་ང་ཚོས་ཆེས་བཀའ་དྲིན་ཞུ་འོས་ས་དེ་ནི་ང་ཚོས་མི་ཤེས་པའི་དཔའ་བོ་དཔའ་མོ་དེ་དག་དཔེར་ན་སྨན་པ། སྨན་གཡོག མྱུར་སྐྱོབ་རླངས་འཁོར་གྱི་ཁ་ལོ་བ་སོགས་ཉེན་ཁ་མཐོང་ནས་མ་བྲོས་པར་ཧུར་ཐག་བྱེད་པའི་མི་དེ་རྣམས་ཡིན་ཟེར།(རྩོམ་འགན་པ། སྒྲོལ་ཚེ)
འབྲེལ་ཡོད་རྩོམ་ཡིག