ཉེ་སྔོན། ཀྲུང་གོ་བོད་ལྗོངས་གསར་འགྱུར་ཁང་དུ་འཕྲིན་གསར་འབྱོར་གསལ། མཚོ་སྔོན་སློབ་ཆེན་གྱིས་མཐོ་སྒང་རང་བཞིན་གྱི་ལུག་དག་དམིགས་སུ་བཟུང་ནས། སྲོལ་རྒྱུན་གྱི་ཕྱུགས་ཟོག་གི་རྒྱུད་སྤེལ་བའི་རྣམ་པ་ལས་ཕར་བརྒལ་ཏེ།མཐོ་སྒང་རང་བཞིན་གྱི་ལུག་དག་འཚོ་སྐྱོང་བྱ་བའི་ཐད་ལ་ཞིབ་འཇུག་བྱས་པར་གྲུབ་འབྲས་རྒྱ་ཆེན་བླངས། ཞིབ་འཇུག་གི་གྲུབ་འབྲས་འདི་ལས་མ་མོ་གཅིག་གིས་ལོ་གཉིས་ནང་ལུ་གུ་ ༣ སྦྲུམ་ཐུབ་པའི་ཐད་ཀྱི་ལག་རྩལ་ལ་རྨང་གཞི་བརྟན་པོ་བཏིང་པ་དང་། ཆེད་མཁས་པས་དེ་ནི་རྒྱལ་སྤྱིའི་སྔོན་ཐོན་གྱི་ཆུ་ཚད་ལ་སླེབས་ཡོད་པར་བསྟན། ཤེས་གསལ་ལྟར་ན། མཐོ་སྒང་གི་ལུག་ནི་བོད་བརྒྱུད་ལུག་རིགས་ཡིན་པ་དང་། དེ་དག་ནི་བོད་རིགས་མང་ཚོགས་རྣམས་ཀྱིས་དུས་ཡུན་རིང་བའི་ནང་དུ། ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་གི་ཁྲོད་ནས་འཚོ་སྐྱོང་བྱས་པའི་སྒོ་ཟོག་ཡིན་པ་དང་། དེ་ཡང་དེའི་ལུག་ཤ་དང་ལུག་བལ། ཀོ་བ་སོགས་ནི་མི་རྣམས་ལ་མཁོ་གལ་ཆེ་བའི་ཐོན་རྫས་ཡིན་པ་རེད། མཚོ་སྔོན་ཞིང་ཆེན་ནི་བོད་བརྒྱུད་ལུག་རིགས་འཚོ་སྐྱོང་བྱེད་པའི་རྟེན་གཞི་གཙོ་བོ་ཡིན་པ་དང་། བོད་བརྒྱུད་ལུག་རིགས་གསོ་སྐྱོང་བྱེད་པའི་ས་ཁུལ་དེ་དག་ཡང་སྐྱེ་ཁམས་ཁོར་ཡུག་དང་ཐོན་སྐྱེད་ནུས་པར་བརྟེན་ནས་རིགས་གསུམ་དུ་དགར་ཡོད་པ་སྟེ། མཐོ་སྒང་རང་བཞིན་དང་རི་ཁུག་རང་བཞིན། རྩ་སའི་རང་བཞིན་བཅས་སུ་དབྱེ་ཡོད།
ལུག་བརྒྱུད་འདིའི་རིགས་ནི་མཚོ་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་དང་ལོ་འཁོར་མོའི་ལུག་སྐྱོང་ལུགས་བཅས་ལ་ཧ་ཅང་འཕྲོད་པོ་འདུག་པ་རེད།མཐོ་སྒང་རང་བཞིན་གྱི་ལུག་རིགས་ཀྱིས་ཞིང་ཆེན་ཡོངས་སུ་འཚོ་སྐྱོང་བྱེད་པའི་ལུག་རིགས་ཀྱི ༩༠% ཟིན་པ་དང་། དེ་ནི་བོད་བརྒྱུད་ལུག་རིགས་ལས་ཆེས་གཙོ་ཆེ་བ་ཡིན་ལ་། དེ་ནི་གྲང་ངར་ཆེ་བའི་མཐོ་སྒང་འབྲོག་ཁུལ་དུ་ཁྱབ་ཡོད་པ་རེད། དེའི་ཁྱད་ཆོས་གཙོ་བོ་ནི་གཟུགས་གཞི་ཆེ་བ་དང་། ཕྱིའི་སྤུ་ཁ་དཀར་པོ་ཡིན་ལ་དེའི་ལུག་བལ་ནི་ཀུན་ཏུ་གྲགས་ཆེའི “ ཟི་ལིང་གི་ལུག་བལ་ ”ཞེས་པ་དེ་རེད། དེ་ལས ༢% ཡས་མས་ཀྱི་ལུག་རྒྱུད་ནག་པོའི་རིགས་ནི་གཙོ་བོ་མང་རྫོང་དང་། མཚོ་སྔོན་པོའི་མཐའ་འཁོར་གྱི་རྫོང་ཁག་ཏུ་འཚོ་སྐྱོང་བྱེད་བཞིན་འདུག་པ་དང་། དེས་བཙས་པའི་ལུ་གུའི་བལ་སྤུའི་ཁ་མདོག་ནག་པོ་ཡིན་ལ་འོད་ཆིལ་ཆིལ་དུ་ཡོད་པས་མིག་ལ་མཛེས་པོ་འདུག
མཚོ་སྔོན་ཞིང་ཆེན་གྱིས“མཐོ་སྒང་རང་བཞིན་གྱི་བོད་བརྒྱུད་ལུག་རིགས་ཐོན་སྐྱེད་ནུས་ཤུགས་ཐད་ཀྱི་སྤྱིའི་ལག་རྩལ་ཆ་ཚང་འདོན་སྤེལ་དང་མིག་དཔེ་སྟོན་པ”ཞེས་པའི་ལས་གཞི་བཏོན་པ་དང་ལེགས་འགྲུབ་བྱུང་བ་དེ་ནི། གཙོ་བོར་གྲང་ངར་ཆེ་བའི་མཐོ་སྒང་གི་འབྲོག་ཁུལ་གྱི་ལུག་འཚོ་སྐྱོང་བྱེད་པའི་བརྒྱུད་རིམ་ཁྲོད། རྒྱུད་སྤེལ་ནུས་ཤུགས་ཞན་པ་དང་དེས་བཙས་པའི་ལུ་གུའི་སྐྱེ་འཕེལ་ཐད་ཀྱི་གནད་དོན་དག་ལ་ཁ་གཏད་པ་དང་། བྱང་ཆ་ལྡན་པའི་མ་མོའི་ཚད་ལྡན་རྒྱུད་སྤེལ་ལག་རྩལ་དང་ལུ་གུ་འཚར་ལོངས་འབྱུང་བའི་བརྒྱུད་རིམ་ཁྲོད་དུ་འོ་མ་གཅོད་པ་དང་བཟའ་ཆས་ཉུང་ཙམ་གྱིས་གསོ་བའི་ལག་རྩལ་སོགས་སྤྱད་ནས།རྐང་ཚ་དང་མདོ་ལ་སོགས་རྫོང་ཁག་གཉིས་དང་དཔེ་སྟོན་ས་ཁུལ ༣༡ ནས་མ་མོ ༡༠༡༣༢ དང་ལུ་གུ ༩༥༤༤ ལྷག་དཔེ་སྟོན་དང་ཁྱབ་སྤེལ་བཏང་སྟེ། མ་མོ་སྦྲུམ་དུས་དང་ལུ་གུ་བཙའ་དུས། སླར་སོས་དུས་དང་ལུ་གུས་འོ་འཐུང་དུས། ལུ་གུ་འཚར་ལོངས་འབྱུང་བའི་དུས་སྐབས་སོགས་ལུས་ཁམས་མི་འདྲ་བའི་དུས་སྐབས་རེ་རེར་འཚམ་པའི་གཟན་ཆས་སྡེབ་སྟངས་བཅས་ཀྱི་ཐད་ལ་ཞིབ་འཇུག་དང་འདེམ་སྒྲིག་བྱས་ནས། ཚད་ལྡན་གྱི་གཟན་ཆས་ཀྱི་ཚད་དང་དེ་སྟེར་བའི་དུས་ཡུན་སོགས་གཏན་ཁེལ་བྱས། དེ་ལས་སྲོལ་རྒྱུན་གྱི་ལུག་བརྒྱུད་སྤེལ་སྟངས་ལས་ཕར་བརྒལ་ནས་རྒྱུད་སྤེལ་དུས་ཡུན་ཇེ་ཐུང་དུ་བཏང་བ་དང་། རྒྱུད་སྤེལ་ནུས་ཤུགས་ཇེ་མཐོར་བཏང་ནས་མ་མོ་གཅིག་གིས་ལོ་གཉིས་ནང་ལུ་གུ ༣ མངལ་དུ་སྦྲུམ་ཐུབ་པའི་ཐད་ལ་རྨང་གཞི་བརྟན་པོ་བཏང་བ་རེད། མ་མོའི་མངལ་སྦྲུལ་དུས་ཀྱི་ལུས་ཁམས་ཆོས་ཉིད་ཐད་ལ་ཞིབ་འཇུག་དང་། མ་མོའི་གཟན་ཆས་ཁ་སྣོན་བྱེད་པའི་ཚད་དེ་དེའི་ཕུང་བོའི་ནང་གི་སྐྱེས་ཁམས་སྐུལ་རྒྱུ་ཕྱིར་འདོན་ཐད་ཀྱི་འབྲེལ་བར་ཞིབ་འཇུག ལུ་གུའི་འབྲེལ་ཡོད་ཀྱི་ལུས་ཁམས་དང་ཕུང་བོའི་གྲུབ་ཆ་གཞན་དག་གི་རྣམ་པར་དབྱེ་ཞིབ་དང་ཞིབ་འཇུག་བྱས་པར་བརྟེན་ནས། ལུ་གུ་འཚར་ལོངས་ཀྱི་གོ་རིམ་ཁྲོད་མཁོ་བའི་འཚོ་བཅུད་ཁྲོད་ཀྱི་སྤྲི་དཀར་རྫས་དང་ཨེམ་རྨང་སྐྱུར་གྱི་བསྡུར་ཚད་གཏན་ཁེལ་བྱས་པ་དང་། ལུ་གུའི་འོ་མ་གཅོད་པའི་དུས་ཀྱི་ཕུང་བོའི་འཚོ་བཅུད་ཀྱི་ཐད་ལ་ཁག་ཐེག་གང་ལེགས་བྱས་པ་རེད། ལུ་གུའི་འོ་འཐུང་མཚམས་འཇོག་པའི་དུས་ཚོད་དེ་སྔར་ལས་ཉིན ༦༠ ལྷག་གིས་སྔོན་དུ་བསྣུར་བ་དང་། ལུ་གུའི་གསོན་ཚད་དེ་སྔར་ལས ༡༦% གིས་གོང་དུ་འཕེལ་ལ། ཟླ་དྲུག་ཅན་གྱི་ལུ་གུའི་ལྗིད་ཚད་དེའང་སྔར་ལས་སྤྱི་རྒྱ ༡༧ ལྷག་གིས་ཡར་འཕར་ཡོད། དེ་ནི་སྲོལ་རྒྱུན་གྱི་ལོ་ཚོད་མཐུན་པའི་ལུ་གུའི་ལྗིད་ཚད་དང་བསྡུར་ན། ༩༤% ལྷག་གིས་ཡར་འཕར་ཡོད་པ་རེད།
དུས་མཚུངས་སུ། ཐེངས་འདིའི་ལས་གཞི་འདི་ལས་ད་དུང་རྩ་རའི་སྣོན་ཤུགས་ཇེ་ཡང་དུ་བཏང་ནས། དཔལ་འབྱོར་ཡོང་སྒོ་དང་སྤྱི་ཚོགས་ཕན་ནུས་ཐད་ལ་ནུས་པ་མངོན་གསལ་དོད་པོ་ཞིག་ཐོན་ཡོད་པ་རེད། ལས་གཞི་འདི་ལག་བསྟར་བྱས་པ་བརྒྱུད་ནས། ལས་གཞི་ཚན་ཆུང་གིས་《མཐོ་སྒང་གྲང་ངར་ས་ཁུལ་གྱི་བོད་བརྒྱུད་ལུག་རིགས་ཀྱི་མངལ་སྦྲུམ་དུས་འཇུག་གི་གཟན་ཆས་དོ་དམ་སྒྲིག་གཞི》 དང་། 《མཐོ་སྒང་གྲང་ངར་ས་ཁུལ་གྱི་བོད་རྒྱུད་ལུ་གུའི་སྔ་མོའི་དུས་ཀྱི་འོ་མཚམས་གཅོད་པའི་ལག་རྩལ་སྒྲིག་གཞི》《མཐོ་སྒང་གྲང་ངར་ས་ཁུལ་གྱི་དུས་སྔ་མོའི་ལུ་གུའི་འོ་མཚམས་གཅོད་དུས་ཀྱི་གསོ་སྐྱོང་ཐད་ཀྱི་གཟན་ཆས་དོ་དམ་སྒྲིག་གཞི》 སོགས་ས་གནས་རང་བཞིན་གྱི་ཚད་ལྡན་རང་བཞིན་གཏན་ལ་ཕབ། དེས་མཚོ་སྔོན་མཐོ་སྒང་ས་ཁུལ་གྱི་ཚད་མཐོ་བའི་སྒོ་ནས་བོད་བརྒྱུད་ལུག་རིགས་གསོ་སྐྱོང་བྱེད་པའི་ཐད་ལ་འཛུབ་སྟོན་གྱི་ནུས་པ་གལ་ཆེན་བཏོན་ནོ།།(རྩོམ་འགན་པ། ལྷ་དབང)