ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

མཚོ་སྔོན་གྱིས་ཟླ་བ་འདིའི་ནང་རྒྱལ་སྤྱིའི་མཁའ་ལམ་གསུམ་ཤར་གཏོང་བྱ་རྒྱུ་རེད་འདུག

2014-12-07
  འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ ༡༢ ཚེས ༤ ཉིན་གློག་འཕྲིན་འབྱོར་གསལ། ཟླ ༡༢ ཚེས ༣ ཉིན་གྱི་ཕྱི་དྲོ་ཟི་ལིང་གནམ་ཐང་གི TI རྒྱལ་སྤྱིའི་མཁའ་འགྲུལ་ས་ཚིགས་ཞིབ་བཤེར་དང་ནད་ཡམས་ཞིབ་དཔྱད་ཚོམས་ཆེན་ནང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འགག་སྒོའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་དང་མཉམ་འབྲེལ་བྱས་ཏེ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཟི་ལིང་ནས་པང་ཁོག་བར་གྱི་རྒྱལ་སྤྱིའི་དུས་གཏན་གནམ་གྲུ་ཟླ ༡༢ ཚེས ༥ ཉིན་དངོས་སུ་ཤར་གཏོང་བྱ་རྒྱུ་དང་ཟི་ལིང་གནམ་གྲུ་ཐང་གི་མཁའ་འགྲུལ་ས་ཚིགས་ཀྱི TIརྒྱལ་སྤྱིའི་མཁའ་འགྲུལ་ས་ཚིགས་ཐོག་ཁང་ཡང་དེ་ཉིན་འཁོར་རྒྱུག་བྱེད་འགོ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
  ཤེས་རྟོགས་བྱུང་བར་གཞིགས་ན། ད་ཕན་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་འགག་སྒོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་དེ་ལས་དོན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱས་པར་མ་དངུལ་བསྡོམས་སྒོར་ཁྲི ༣༣༧༣ བཏང་བ་རེད། TIརྒྱལ་སྤྱིའི་མཁའ་འགྲུལ་ས་ཚིགས་ཐོག་ཁང་སྒྱུར་བཀོད་རྣམ་གྲངས་ལེགས་སྒྲུབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་འགག་སྒོའི་རྨང་གཞིའི་སྒྲིག་བཀོད་དེ་རྒྱལ་སྤྱིའི་མཁའ་ལམ་ལ་ཞབས་ཞུ་བྱེད་པའི་མཁྲེགས་ཆས་ཚད་གཞི་ལོན་པ་རེད། མིག་སྔར TIརྒྱལ་སྤྱིའི་མཁའ་འགྲུལ་ས་ཚིགས་ཐོག་ཁང་གི་འགག་སྒོ་ཞིབ་བཤེར་སྒྲིག་གཞིའི་གཞུང་དོན་སྒྲུབ་ཁང་ཆ་ཚང་བ་དང་། ཞིབ་བཤེར་སྒྲིག་ཆས་བསྒར་ཟིན་པ། མི་སྣ་བཀོད་སྒྲིག་ཟིན་པ་བཅས་བྱུང་ནས་རྒྱལ་སྤྱིའི་མཁའ་འགྲུལ་ཞབས་ཞུའི་རྒྱུན་གཏན་གྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་པ་རེད། ཉེ་དུས་རྒྱལ་སྤྱིའི་མཁའ་ལམ་གཉིས་བདེ་བླག་ངང་ཤར་གཏོང་བྱེད་པའི་ནང་གཅིག་ནི་མཚོ་སྔོན་མཁའ་འགྲུལ་མ་འཇོག་དོ་དམ་ཚད་ཡོད་ཀུང་སིའི“མཛེས་སྡུག་ལྡན་པའི་མཚོ་སྔོན”རྟགས་ཅན་གྱི་ཟི་ལིང་ནས་པང་ཁོག་བར་གྱི་མཁའ་ལམ་དང་ཅིག་ཤོས་ནི་ཟླ ༡༢ ཚེས ༡༥ ཉིན་ཟི་ལིང་ནས་ཁོར་ལྷོའི་ཧྲོའར་བར་འཕུར་བའི་མཁའ་ལམ་དེ་རེད།
  གཞན་ཡང་ཐའེ་དབན་ལི་རུང་མཁའ་འགྲུལ་ཀུང་སིའི་ཟི་ལིང་ནས་ཐའེ་པེ་བར་གྱི་མཁའ་ལམ་ཡང་ཟླ ༡༢ ཚེས ༡༨ ཉིན་ཤར་གཏོང་ཐུབ་རྒྱུ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག