ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

ཧི་མ་ལ་ཡའི་གསེར་གྱི་འདྲ་འབག ཞང་ཞུང་ཤེས་རིག་གི་ལྡེ་མིག

2014-12-04 མང་མཁར་བློ་ཕུན།
  རྒྱ་བོད་ལོ་རྒྱུས་ཡིག་ཚང་ཁག་ཏུ་གསལ་བ་ལྟར་ན་དེང་གི་བོད་རང་སྐྱོང་ལྗོངས་ཀྱི་ནུབ་ངོས་ཡངས་ཤིང་རྒྱ་ཆེ་བའི་མངའ་རིས་ས་ཁུལ་འདི་གནའ་བོའི་ཞང་ཞུང་ཤེས་རིག་གི་འབྱུང་ཁུངས་ཡིན་ཞིང་ཧ་ལམ་སྤྱི་ལོའི་གོང་གི་དུས་རབས ༤ ནས་དུས་རབས ༡ བར་དུ་ཞང་ཞུང་མི་དམངས་ཚོས་རང་གི་སྲིད་འབྱོར་རིག་གསུམ་གྱི་སྟོབས་ཤུགས་ཤིན་ཏུ་ཆེ་བའི་མནའ་འབྲེལ་ཚོ་བའི་སྲིད་དབང་བཙུགས་ཤིང་སྐབས་དེ་ཤེད་དུ་དར་བའི་ཆོས་ལུགས་རིག་གནས་སོགས་ཀྱིས་བོད་མི་སྤྱི་བོ་གནམ་བསྟན་ཀུན་ལ་བག་ཆགས་ཟབ་མོ་ཐེབས་སུ་བཅུག་པ་དང་བོད་ཀྱི་ཤེས་རིག་འཕེལ་འགྱུར་ཁྲོད་ངོ་མཚར་ཆེ་བའི་ལོ་རྒྱུས་ཤོག་ལྷེ་ཞིག་ཟིན་ཡོད། སྤྱི་ལོའི་དུས་རབས་བདུན་པའི་སྐབས་སུ་ཡར་ཀླུང་རྒྱལ་རྒྱུད་དམ་བོད་སྲིད་དབང་གིས་གནས་དེར་དམག་གིས་ཁ་ལོ་བསྒྱུར་ཏེ་དབང་དུ་བསྡུས།
  གཅིག་ནས་ཞང་ཞུང་རྒྱལ་ཕྲན་ཁག་བྱུང་བའི་དུས་ཚོད་ཤིན་ཏུ་སྔ་བས་ད་བར་ཡིད་རྟོན་ཕེར་བའི་ཡིག་ཐོག་གི་དཔྱད་གཞི་ཉུང་བ་དང་གཉིས་ནས་དུས་ཀྱི་འཕོ་འགྱུར་ཁྲོད་གནས་དེར་གནམ་གཤིས་དང་ཁོར་ཡུག་གི་འགྱུར་བ་ཆེན་པོ་བྱུང་བར་བརྟེན་གནའ་བོའི་རིག་དངོས་མང་པོའི་རྗེས་ཤུལ་ཙམ་ལས་རྙེད་དཀའ་བས་དེའི་ལོ་རྒྱུས་ལ་སྡོམ་ཚིག་གསལ་པོ་ཞིག་འགོད་དཀའ་བར་གྱུར། དེས་ན་ཞང་ཞུང་ཤེས་རིག་ནི་སེང་རས་གྱོན་པའི་མཛེས་མ་ཞིག་ལྟར་དེའི་ངོ་མཚར་གྱི་གསང་བ་ཕྱི་རབས་སྐྱེ་བོས་ད་བར་ཡོངས་སུ་བཤུ་ཐུབ་མེད།
  སྤྱི་ལོ ༢༠༡༠ ལོར་རྩ་མདའ་རྫོང་ཐོག་ནས་སྤྱི་ལེ ༡༠༠ ཡི་སར་ཆགས་པའི་མོན་ཚེ་ཤང་ཁོངས་ཀྱི་གུ་རུ་རྒྱལ་མོ་དགོན་གྱི་མདུན་ངོས་ནས་དགོན་དེའི་གྲྭ་པ་ཚོར་གནའ་བའི་དུར་ས་ཞིག་རྙེད་པ་དང་ཕྱེད་ས་འོག་ཏུ་བསྣུབས་པའི་དུར་ཁུང་ནང་ནས་གནའ་བོའི་དར་གོས་ཀྱི་དུར་རྫས་རྩ་ཆེན་མི་ཉུང་བ་ཐོན་པ་རེད། དེ་ནས་བཟུང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་ཞིབ་འཇུག་ཁང་དང་བོད་ལྗོངས་རིག་དངོས་བདག་སྐྱོང་ཞིབ་འཇུག་ཁང་གིས་ཆེད་མཁས་ཞིབ་འཇུག་དཔུང་ཁག་གཅིག་རྗེས་གཉིས་མཐུད་དུ་གནས་དེར་ལྷགས་ནས་བང་སོ་སྔོག་འདོན་བྱས་མཐར་རྨིད ༤ ཙམ་གྱི་ས་འོག་ནས་རྒྱུ་གསེར་ལས་གྲུབ་པའི་ངོ་འབག་ཅིག་དང་གཞན་པའི་རིག་དངོས་རྩ་ཆེན་འགའ་བཙལ་རྙེད་བྱུང་བ་རེད། དུར་ས་དེ་ནས་ཐོན་པའི་གསེར་གྱི་འདྲ་འབག་དེར་ཀུན་གྱིས་ས་མིང་རིག་དངོས་ལ་སྦྱར་ཏེ་གུ་རུ་རྒྱལ་མོའི་ངོ་འབག་ཞེས་སུ་གྲགས།
  སྤྱི་ལོ ༢༠༡༢ ལོའི་ལོ་སྨད་དུ་ཆུ་མདའ་བང་སོ་དང་རྩ་མདའ་རྫོང་བར་གྱི་གླང་ཆེན་ཁ་འབབ་གྱི་འབབ་ཁུལ་དུ་ཆུ་ཀཱ་ལའི་ཡུར་བུ་འདྲུ་སྐབས་བོངས་ཚད་ཆེས་ཆེ་བའི་དུར་ས་ཞིག་སྔོག་འདོན་ཐུབ་པ་དང་དེའི་ནང་ནས་སླར་ཡང་གསེར་གྱི་འདྲ་འབག་ཅིག་ཐོན་པ་རེད། འདྲ་འབག་དེའི་རྒྱ་ཁྱོན་དེ་ཙམ་ཆེན་པོ་མེད་རུང་དེར་གནའ་རྫས་ཞིབ་འཇུག་གི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད་པ་རེད། གང་ལགས་ཞེ་ན་གསེར་གྱི་འདྲ་འབག་དེ་དག་རྩ་མདའ་ཁུལ་ཁོ་ནར་ཡོད་པའི་དུར་རྫས་ཤིག་མ་ཡིན་པ་དང་གཞན་ཡང་དེ་དང་མཉམ་དུ་ཐོན་པའི་གཡུ་བྱུར་དང་། གཟི མུ་ཏིག ཟངས་ལྕགས་ལ་སོགས་པའི་དུར་རྫས་དེ་དག་གིས་སྐབས་དེའི་སྤྱི་ཚོགས་འཚོ་བའི་རྣམ་པ་གསར་བཞེངས་བྱ་རྒྱུར་གལ་ཆེའི་རྒྱུ་ཆ་མཁོ་འདོན་བྱས་པ་རེད། དུར་ས་དེ་ནས་ཐོན་པའི་གསེར་གྱི་འདྲ་འབག་དེར་ཀུན་གྱིས་ཆུ་མདའི་འདྲ་འབག་ཞེས་སུ་གྲགས།
  གོང་གི་དུར་ས་དེ་དག་གནའ་བོའི་ཞང་ཞུང་རྒྱལ་རྒྱུད་ཀྱི་ས་ཁོངས་སུ་ཆགས་ཡོད་པ་དང་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཁག་ཏུ་འཁོད་པར་གཞིགས་ན་སྐབས་དེ་དུས་ཀྱི་ཞང་ཞུང་ནི་གཅིག་འགྱུར་གྱི་སྲིད་དབང་གི་མ་ལག་ལྡན་པའི་རྒྱལ་ཁབ་ཅིག་མ་ཡིན་པར་རུས་རྒྱུད་ཚོ་པ་མི་གཅིག་པའི་རྒྱལ་ཕྲན་མང་པོ་མནའ་འབྲེལ་གྱིས་རྒྱལ་ས་ཟིན་པ་དང་བོད་ཀྱི་གནའ་བོའི་ཡིག་ཆ་ལྟར་ན་ཞང་ཞུང་དུ་རྒྱལ་ཕྲན་བཅོ་བརྒྱད་བྱུང་བར་གྲགས། བང་སོ་དེ་གཉིས་ནས་ཐོན་པའི་གསེར་གྱི་ངོ་འབག་དེ་དག་སྐབས་དེ་དུས་ཚོ་བ་ཁག་གིས་འགོ་དཔོན་ཚོའི་རྒྱན་ཆ་ཡིན་ཡང་སྲིད་དོ།
  ཐང་རྒྱལ་རབས་ཀྱི་དུས་སུ་གཞི་ནས་ཞང་ཞུང་གི་གནས་ཚུལ་རྒྱའི་ལོ་རྒྱུས་ཡིག་ཆར་ཐོན་འགོ་ཚུགས་ཡོད་པ་དང་སྐབས་དེ་དུས་ཀྱི་རྒྱའི་ཡིག་ཚང་དུ་ཞང་ཞུང་ལ"ཡང་དུང"(羊同)ཞེས་སུ་འབོད། ཐང་རྒྱལ་རབས་ཀྱི་ལོ་རྒྱུས་ཡིག་ཚགས《唐会要》ནང་དུ་ཞང་ཞུང་མནའ་འབྲེལ་རྒྱལ་ཁབ་སྤྱི་ལོ ༦༤༢ ལོར་བོད་སྲིད་དབང་གིས་མངའ་འོག་ཏུ་བཅུག ཅེས་དང་། གཞན་ཞང་ཞུང་གི་མངའ་ཁོངས་དང་དུར་མཆོད་སྐོར་གྱི་གནས་ཚུལ་འཁོད་དོན། ཞང་ཞུང་། (大羊同)ཤར་ཐུ་བོད་དང་སྦྲེལ་བ། ནུབ་ཆང་དང་མཐུད་པ། བྱང་ལི་ཡུལ་ལ་ཐུག་པ། ཤར་ནུབ་ལ་ལེ་དབར་སྟོང་། དམག་ཧྲག་ལ་སྟོང་ཕྲག་བརྒྱད་དགུ སྐྲ་ལ་ལྷས་བཏབ་པ། ལུས་ལ་སློག་པ་གྱོན་པ། ཟས་སུ་ནོར་བརྟེན་པ། ཚོ་དཔོན་ཤི་ཚེ། མགོ་བོ་ཕྲལ་ནས་ཕྲ་འདེབས་པ། དོན་སྣོད་ཕྱུང་ནས་གསེར་དངུལ་འཇོག་པའོ། ཞེས་འཁོད།
  གོང་གི"གསེར་དངུལ་འཇོག་པའོ"ཞེས་པ་ལྟ་བུའི་ཚིག་དེ་དག་ནི་མདུན་དུ་བཤད་པའི་བང་སོ་དག་ནས་ཐོན་པའི་གསེར་གྱི་འདྲ་འབག་ལ་སོགས་པའི་དུར་རྫས་རྣམས་ལ་གོ་བ་ཡིན་ཤས་ཆེ་སྙམ་ལ་གསེར་གྱི་འདྲ་འབག་ལ་སོགས་པའི་དུར་རྫས་འདི་དག་གིས་གང་ཞིག་མཚོན་པ་དང་གནའ་བོའི་ཞང་ཞུང་གི་མིའི་ངོས་ནས་འདི་དག་ལ་ཐུན་མིན་གྱི་ནུས་མཐུ་གང་ཞིག་མངའ་བ་སོགས་ཀྱི་དོགས་གནད་མང་པོ་ལོ་རྒྱུས་ཡིག་ཆའི་ནང་ནས་འཚོལ་རྙེད་ཐུབ་ཐབས་མེད་རུང་ང་ཚོར་དྲི་ལན་གྱི་ཁུངས་སྣེ་རེ་བཤད་ཡོད་པ་སྟེ། དཔེར་ན། ཚོ་དཔོན་ཤི་རྗེས"མགོ་བོ་ཕྲལ་ནས་ཕྲ་འདེབས་པ། དོན་སྣོད་ཕྱུང་ནས་གསེར་དངུལ་འཇོག་པ"ལྟ་བུ་གུ་རུ་རྒྱལ་མོའི་དུར་ས་དངོས་ནས་ཐོན་པའི་རོ་རུས་ཀྱི་རྣམ་པ་དང་མཐུན་ཡོད། གནའ་རྫས་རྟོག་ཞིབ་པས་མི་ཤི་བའི་རྗེས་སུ་ཕུང་བོ་དུས་ཡུན་ཅུང་རིང་ཙམ་ཞིག་རང་སོར་འཇོག་པ་དང་དུར་འཇུག་ཐེངས་གཉིས་བྱེད་པའི་དཔང་རྟགས་ར་སྤྲོད་ཐུབ་ཡོད་ཟེར། གཞན་ཡང་ས་རྫོང་བང་སོའི་དུར་ལུས་ན་གྲི་ཡི་རྗེས་ཤུལ་ཡོད་པ་མངོན་སུམ་མཐོང་བ་བཅས་ལས་ཕུང་པོ་ཚལ་བཤག་གི་དུར་འཇུག་བྱས་པ་ཡིན་ཤས་ཆེ་ལ་དེ་ལྟར་ཡིན་ཚེ་གོང་གི་ཡིག་ཆའི་ནང་འཁོད་པའི་མགོ་བོ་ཕྲལ་བ་དང་དོན་སྣོད་ཕྱུང་བ་སོགས་ཀྱི་བཤད་སྟངས་དང་མཐུན་ནོ།
  འོ་ན་འདི་དག་བོད་ཀྱི་བྱ་གཏོར་དུར་མཆོད་ཀྱི་ཆེས་ཐོག་མའི་གྲུབ་ཚུལ་ཡིན་ནམ། ཡང་ན་རུལ་བདེ་བའི་ཤ་ལྤགས་རྣམས་བཀོག་པར་བྱེད་པ་ནི་ཕུང་པོ་ས་འོག་ཏུ་དུས་ཡུན་རིང་ཙམ་གནས་ཐབས་སུ་ཡིན། གང་ལྟར་ང་ཚོས་དུར་མཆོད་ཀྱི་རྣམ་པ་དེའི་གཏིང་ཟབ་པའི་དགོས་པ་རྒྱུ་མཚན་ལ་གོ་བ་གསལ་པོ་ཞིག་ལོན་ཐུབ་རྒྱུར་དཀའ་ཁག་ཡོད་རུང་དེའི་ཆེས་རྩ་བའི་གནད་དོན་འགའ་རྗེས་དཔག་ནུས་ཏེ། གསེར་གྱི་འདྲ་འབག་དེ་དག་ཕུང་པོ་ས་འོག་ཏུ་འཇུག་སྐབས་གདོང་པར་མཛེས་རྒྱན་སྤྲོད་ཆེད་དུ་ཡིན་པ་དང་འདྲ་འབག་ཐོག་ཏུ་ཁ་དོག་མི་གཅིག་པའི་ཚོན་གྱིས་གདོང་གི་དབང་པོ་རྣམས་མངོན་གསལ་དུ་བྲིས་པ། གཞན་རིན་པོ་ཆེ་སྣ་ཚོགས་དང་དར་གོས་ཀྱི་འཕྱོར་གོས་སྤྲད་པ་སོགས་ལས་ཕུང་པོ་གསོན་ཉམས་དོད་པོར་བྱ་བའི་ཆེད་དུ་ཡིན་པ་གོར་མ་ཆག དེས་ན་རྒྱུད་རིམ་དེས་ཤི་མཁན་དེའི་རྒྱུ་ནོར་དང་སྤྱི་ཚོགས་ཀྱི་ཐོབ་ཐང་ཡང་མཚོན་པར་བྱས་པ་ཡིན།
  གནའ་བོའི་ཀེ་རི་སིའི་རིག་གནས་ཁྲོད་མའེ་སི་ནི་ཤེས་རིག་དང་ཡོ་རོབ་དང་ཨེ་ཤི་ཡའི་འབྲེལ་མཚམས་ཀྱི་རྩ་ཐང་ནས་དུས་བབ་མི་འདྲ་བའི་གསེར་གྱི་འདྲ་འབག་མང་པོ་ཐོན་ཡོད། འདྲ་འབག་གི་རྒྱུ་ཆ་ལའང་གསེར་གཅིག་པུ་མིན་པར་གཞན་སྣ་ཚོགས་ཡོད་པར་བཤད། བཤད་རྒྱུན་ལ་དེས་ཤི་གསོན་གྱི་དབྱེ་མཚམས་གཅོད་པ་དང་གསོན་པོ་དག་གི་གནོད་པ་འགོག་ཐུབ་པ་ཡིན་ཟེར། ཨེ་ཤི་ཡ་དཀྱིལ་མའི་ས་ཁོངས་ནས་ཀྱང་དུས་རབས ༣ པ་ནས ༥ པ་བར་གྱི་གསེར་རྒྱུ་ལས་གྲུབ་པའི་འདྲ་འབག་སྣ་ཚོགས་ཐོན་པར་གྲགས། དེས་ན་དེ་དག་ནི་གནའ་བོའི་འཛམ་གླིང་ཤེས་རིག་གི་གྲུབ་ཆ་ཞིག་ཡིན་ལ་མི་རིགས་དང་ས་ཁོངས་མི་གཅིག་པའི་ཤེས་རིག་གི་གསང་བ་འབྱེད་པའི་ལྡེ་མིག་ཀྱང་ཡིན་ནོ། །(རྩོམ་འགན་པ། སྒྲོལ་ཚེ།)
འབྲེལ་ཡོད་རྩོམ་ཡིག