ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་དང་དགེ་འདུན་ཆོས་འཕེལ།

2014-12-04 སྒྲོལ་ཚེ།
  བོད་ཡིག་གསར་འགྱུར་མེ་ལོང་ངམ་ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་ཞེས་པ་ནི། སྤྱི་ལོ ༡༩༢༥ ནས ༡༩༦༣ ལོའི་བར་དུ་རྒྱ་གར་བྱང་ཤར་ས་ཁུལ་གྱི་གྲོང་ཁྱེར་ཀ་ལོན་སྦུག་ནས་པར་སྐྲུན་བྱས་ཤིང་བོད་ནང་དང་ས་ཁུལ་གཞན་དག་ཁ་ཤས་སུ་འགྲེམ་སྤེལ་བྱས་པ་རེད། དེ་ནི་འཛམ་གླིང་དུ་བོད་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བོད་ཡིག་གི་གསར་འགྱུར་ཚགས་པར་ཨང་དང་བོ་དང་དར་ཁྱབ་ཆེ་ཤོས་དེ་ཆགས་ཡོད།
  གསར་འགྱུར་མེ་ལོང་དེའི་ལས་ཁང་ནི། སྤྱི་ལོ ༡༩༢༥ ལོར་ཁུ་ནུ་བ་རྡོ་རྗེ་མཐར་ཕྱིན་ལགས་ཀྱིས་གསར་འཛུགས་གནང་བ་དང་། ལོ་དེའི་སྤྱི་ཟླ་བཅུ་བའི་ནང་དུ་གསར་འགྱུར་ཚགས་པར་ཐོག་མར་འགྲེམ་སྤེལ་བྱས་པ་རེད། སྐབས་དེར་ཁུ་ནུ་བ་རྡོ་རྗེ་མཐར་ཕྱིན་ལགས་ཀྱིས་གསར་འགྱུར་ལས་ཁང་དེའི་གསར་འགོད་པ་དང་། རྩོམ་སྒྲིག་པ། འགོ་འཛིན་པ་བཅས་ཀྱི་འགན་ཁུར་བཞེས་ཡོད།
  དགེ་འདུན་ཆོས་འཕེལ་ལགས་ཀྱིས་བོད་ཡིག་གསར་འགྱུར་མེ་ལོང་གི་རྩོམ་པ་པོ་དང་ཡིག་སྒྱུར་བའི་ཕྱག་ལས་གནང་། ཁོང་གིས་ལྟ་བ་གསར་བའི་རྩོམ་ཡིག་མང་བོ་བྲིས་པ་ལ་བརྟེན་ནས་སྐད་གྲགས་ཆེན་པོར་གྱུར། འོན་ཀྱང་། དགེ་ཆོས་ལགས་ཀ་ལོན་སྦུག་ཏུ་བཞུགས་པའི་སྐབས་སུ་དཔེ་དེབ་མང་བོ་ཞིག་བྲིས་ཡོད་ནའང་དེ་དག་གི་ཁ་བྱང་དུ་རྩོམ་པ་པོ་གཞན་གྱི་མིང་བཀོད་ཡོད། དཔེར་ན། ཀླུ་སྒྲུབ་དགོངས་རྒྱན་དང་དགེ་བཤེས་ཆོས་གྲགས་ཀྱི་ཚིག་མཛོད་སོགས་ཡོད་པར་མ་ཟད། ཁོང་གི་བྲིས་པའི་དཔེ་དེབ་ཁ་ཤས་བོར་བརླག་ཏུ་ཕྱིན་པ་རེད། དགེ་ཆོས་ནི་ཏུན་ཧོང་དུ་རྙེད་པའི་དུས་རབས ༧ ནས ༩ བར་གྱི་བོད་ཀྱི་རྒྱལ་རབས་ཀྱི་གནའ་བོའི་ལོ་རྒྱུས་ལ་ཉམས་ཞིབ་བྱེད་པའི་བོད་རིགས་མཁས་དབང་དང་བོ་དེ་ཡིན་ལ། ཁོང་གི་རྩོམ་ཡིག་ཁག་ནི་འཛམ་གླིང་ཡོངས་སུ་སྐད་གྲགས་ཆེན་པོ་ཆགས་ཡོད།
  དེར་བརྟེན། ཨ་རིའི་ཁུ་ལམ་བྷེ་ཡ་སློབ་གྲྭ་ཆེན་མོའི་བོད་ཀྱི་ནང་ཆོས་ཀྱི་ཆེད་ལས་མཁས་པ་བྷེ་ནར་ཌི་ལགས་ཀྱིས་སྤྱི་ལོ ༡༩༣༧ ལོར་རྒྱ་གར་ཀ་ལོན་སྦུག་ཏུ་དགེ་ཆོས་ལགས་ཨ་རིའི་ཁུ་ལམ་རྦེ་ཡའི་སློབ་གྲྭ་ཆེན་མོ་ལ་ཕེབས་པར་གདན་འདྲེན་ཞུས་པ་རེད། ཡིན་ནའང་། འཛམ་གླིང་དམག་ཆེན་གཉིས་པའི་རྐྱེན་དབང་གིས་དགེ་ཆོས་ཨ་རིའི་སློབ་གྲྭ་ཆེན་མོ་སོགས་སུ་ཕེབས་པའི་གོ་སྐབས་བྱུང་མེད། སྐུ་ཞབས་བྷེ་ནར་ཌི་ནི་སྤྱི་ལོ ༡༩༣༦ ལོར་རྒྱ་གར་དང་བོད་ལ་གཟིགས་སྐོར་དུ་ཕེབས་ནས་སྔགས་ཀྱི་ཡོ་གའི་སྒོམ་སྒྲུབ་ལ་ཉམས་ཞིབ་བྱས་པ་དང་ལྷ་ས་རུ་ཟླ་བ་བཞིའི་རིང་དུ་བསྡད་ནས་དགའ་ལྡན་ཁྲི་བ་དང་ར་སྒྲེང་རིན་པོ་ཆེ་སོགས་ལའང་ཐུག་འཕྲད་གནང་། ཕྱིར་ཨ་རི་ལ་ཕེབས་ནས་སྔགས་ཀྱི་ཡོ་གའི་སྒོམ་སྒྲུབ་ཀྱི་སློབ་གྲྭ་བཙུགས་པ་དང་དེའི་སྐོར་ཀྱི་དཔེ་དེབ་སོགས་བརྩམས་པ་རེད།
   སྤྱི་ལོ ༡༩༤༦ ལོའི་ཟླ་བདུན་པའི་ཚེས ༡༥ ཉིན་ལ། དགེ་འདུན་ཆོས་འཕེལ་ལགས་ཀྱིས་བོད་ཀྱི་མ་འོངས་པའི་ཆེད་དུ་ཐུགས་རེ་ཟབ་མོ་ཞིག་བཅིངས་ནས་རང་གིས་ལོ་མང་རིང་དུ་བསགས་པའི་ཡིག་ཆ་དང་ཤོག་དྲིལ་སྣ་མང་ཡོད་པའི་ཡིག་སྒམ་ཁ་ཤས་བསྣམས་ཏེ་རྒྱ་གར་དང་བོད་གཉིས་ཀྱི་ས་མཚམས་ཀ་ལོན་སྦུག་སུ་ཐོན་ཏེ་འབྲུག་ཡུལ་དང་མོན་རྟ་དབང་བརྒྱུད་ནས་ལྷ་སར་ལོག་པ་རེད།
  སྐབས་དེར། དབྱིན་ཇིའི་རྒྱ་གར་སྲིད་གཞུང་གི་གནོན་ཤུགས་ཀྱི་འོག་ཏུ་བོད་ཀྱི་བཀའ་ཤག་སྲིད་གཞུང་གིས་དགེ་འདུན་ཆོས་འཕེལ་ལ་མ་ཉེས་ཁ་གཡོག་གི་སྐྱོན་འཛུགས་བྱས་ནས་འཛིན་བཟུང་བྱས་ཏེ་བཙོན་ལ་བཅུག་པ་རེད། དགེ་འདུན་ཆོས་འཕེལ་ལྷ་སའི་བཙོན་ཁང་དུ་ལོ་གསུམ་ལ་བཞུགས་ནས་གློད་གྲོལ་བཏང་བའི་སྐབས་སུ་ཁོང་གི་ཡིག་ཆ་ཁག་དང་ལོ་རྒྱུས་ཀྱི་ཤོག་དྲིལ་བཅས་ཚང་མ་བོར་བརླག་ཏུ་ཕྱིན་ཚར་བས། ཁོང་ཉིད་ཐུགས་སྐྱོ་བ་ཆེན་པོའི་ངང་ནས་སྤྱི་ལོ ༡༩༥༡ ལོར་ལྷ་སའི་བར་སྐོར་དུ་སྐུ་གཤེགས་པ་རེད། །(རྩོམ་འགན་པ། སྒྲོལ་ཚེ།)
འབྲེལ་ཡོད་རྩོམ་ཡིག