མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲ་བར་བཀོད་པ་ལྟར་ན། དྲུང་ཡིག་ཕན་ཅི་ཝུན་གྱིས་ཟླ ༡༢ པའི་ཚེས ༢ ཉིན་ཏེ། “རྒྱལ་སྤྱིའི་བྲན་གཡོག་ལམ་ལུགས་དོར་བའི་ཉིན”རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་དམངས་ཁྲོད་ཀྱི་ཚོགས་པ། སྒེར་གཉེར་སྡེ་ཁག་སོགས་དཔུང་རྡང་གཅིག་ཏུ་སྦྲེལ་ནས། རྣམ་པ་འདྲ་མིན་གྱི་བྲན་གཡོག་ལམ་ལུགས་དང་དྲག་པོས་ལས་སྐུལ་བྱེད་པ་དོར་བར་འབོད་སྐུལ་བྱས།
སྡོམ་རྩིས་བྱས་པ་ལྟར་ན། འཛམ་གླིང་དུ་བུད་མེད་དང་ལོ་གཞོན་གསར་བུ་བྱེ་བ་གཉིས་དང་ས་ཡ་གཅིག་ལྷག་བྲན་གཡོག་ཏུ་གྱུར་འདུག་ལ། ཉིན་མཚན་དུས་དྲུག་ཏུ། བུད་མེད་ཉོ་འཚོང་དང་འཕྱོན་མའི་ལས་སུ་འདེད་པ། བཙན་གྱིས་གནས་ལ་བརྫངས་པ། དྲག་ཤུལ་སྤྱོད་པ། བཤུ་གཞོག་མྱོང་བའི་བྱ་བ་འབྱུང་བཞིན་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱིས《བྱིས་པའི་ཁེ་དབང་གི་གྲོས་ཆིངས》བཞག་ནས་ལོ་ངོ ༢༥ འདས་ཀྱང་། བྱིས་པ་ཕོ་མོ་རྣམས་ཀྱིས་སྔར་བཞིན་དཀའ་སྡུག་གིས་ཁེངས་པའི་ཁོར་ཡུག་ཏུ་ལས་སུ་ཞུགས་པར་བྲེལ་ཞིང་། གསར་བུ་གང་མང་ཉེ་དུ་དང་གྱེས་ཏེ་བུན་ཚབ་ཏུ་མུན་ནག་གི་ཁོར་ཡུག་ཅིག་ན། རྩམ་སྐྱ་རླུང་གིས་ཁུར་བ་ལྟ་བུའི་ཕོགས་ཀྱིས་དོམ་མ་སོད་པར་སྒྲོག་གིས་བསྡམས་འདུག
ཁོས་བྲན་གཡོག་ལམ་ལུགས་ནི་མིའི་རིགས་གྲིབ་ནག་དེ་ཡིན་པར་བསྟན་ལ། རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་དམངས་ཁྲོད་ཚོགས་པ། སྒེར་གཉེར་སྡེ་ཁག་སོགས་ཀྱིས། གོ་ལ་ཧྲིལ་བོའི་ཐོག་གི་ཁོལ་བོ་ཁོལ་མོ། འགྲོ་བ་མིའི་ཐོབ་ཐང་དང་ལ་རྒྱ་ཤོར་བའི་མི་བུ་ས་ཡ་ལྷག་གི་ཆེད་དུ། དཔུང་རྡང་གཅིག་ཏུ་སྦྲེལ་ནས་འབུངས་དགོས་པར་སྐུལ།
ཉིན་དེར། རྒྱལ་སྤྱིའི་ལས་བཟོ་ལྷན་ཚོགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ཁྲོད། དྲག་པོས་ལས་སྐུལ་བྱེད་པ་ལས་ཐོབ་པའི་ཚུལ་མིན་ཁེ་སྤོགས་ལོར་རེར་ཨ་སྒོར་དུང་ཕྱུར ༡༥༠༠ ཟིན་ལ། དེའི་ཁྲོད་ཀྱི་སུམ་ཆའི་གཉིས་ནི་རོལ་རྩེད་དང་ཆགས་སྤྱོད་ཀྱི་ལས་རིགས་བཤུ་བཞོག་བྱས་པ་ལས་ཐོན་ཞིང་། བྱིས་པ་དང་བུད་མེད་ནི་གནོད་འཚེ་མྱོང་མཁན་གཙོ་བོ་རེད། ད་དུང་། མི་བྱེད་དགུ་བྱེད་ཀྱི་སྦྱིན་བདག་ཁ་ཤས་ཀྱིས། ཞིང་བཟོ་ལས་དང་འཛུགས་བསྐྲུན། གཏེར་འདོན། ཁྱིམ་ལས། དེ་མིན་གྱི་ལས་རིགས་སོགས་ལས་ཁེ་སྤོགས་འབོར་ཆེན་ལེན་བཞིན་འདུག་ཅེས་བརྗོད།
རྒྱལ་སྤྱིའི་བཟོ་ཚོགས་ཀྱིས། དྲག་པོས་ལས་སྐུལ་ལ་ས་མཚམས་དང་རྒྱལ་མཚམས་མེད་པར། དེ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་གནས་ལ། དར་རྒྱས་སོང་བའི་རྒྱལ་ཁབ་ཏུའང་ཡོད་པར་བརྗོད་ཅིང་། ཁོ་ཚོས་སྲིད་གཞུང་དང་དམངས་ཁྲོད་ཚོགས་པ། སྒེར་གཉེར་སྡེ་ཁག་སོགས་དཔུང་བ་མཉམ་གཤིབ་ཀྱིས། དུས་རབས་ཉེར་གཅིག་པའི་གཡོག་པོ་ལྟ་བུའི་ངལ་རྩོལ་མཇུག་རྫོགས་པར་སྐུལ།
ཤེས་གསལ་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས ༡༩༤༩ ལོའི་ཟླ ༡༢ པའི་ཚེས ༢ ཉིན《མི་ཉོ་ཚོང་དང་བཙན་པོས་ལུས་བཙོང་བ་འགོག་པའི་ཆིངས》གྲོས་འཆམ་བྱུང་ཞིང་། ཉིན་འདི་ནི“རྒྱལ་སྤྱིའི་བྲན་གཡོག་ལམ་ལུགས་དོར་བའི་ཉིན”དུ་གཏན་ཁེལ་བྱས་པ་རེད།(རྩོམ་འགན་པ། རྟ་མགྲིན)