ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

སིང་ཀ་ཕོའི་ཉེན་རྟོག་ཕྱོགས་ཀྱིས“ལག་ཐོགས་ཁ་པར་ལ་གཡེང་ནས་ལམ་སྒྲོལ་བ་དེ་ཉེན་ཁ་ཆེན་པོ་ཞིག་རེད”

2014-12-08
  ཀྲུང་གོ་ཤིན་ཧྭ་དྲ་བའི་ཐོག་གནས་ཚུལ་སྤེལ་བར། རིག་ལྡན་ཁ་པར་དང་གློག་རྡུལ་ཐོན་ཟོག་དར་ཁྱབ་ཆེ་བར་བརྟེན། སིང་ཀ་ཕོར་དུ་ལམ་སྒྲོལ་སྐབས་ལག་ཐོགས་ཁ་པར་ནས་རོལ་དབྱངས་ཉན་པ་དང་མགོ་སྒུར་ནས་འཕྲིན་ཐུང་གཏོང་བ་དང་དྲ་ཐོག་ལ་རོལ་མཁན་སོགས་མང་དུ་འགྲོ་བཞིན་ཡོད། སིང་ཀ་ཕོའི་ཉེན་རྟོག་ཕྱོགས་ཀྱིས་ལམ་སྒྲོལ་སྐབས་ལམ་གྱི་གནས་ཚུལ་ལ་དོ་སྣང་བྱེད་དགོས་པ་དང་རོལ་དབྱངས་ཉན་པ་དང་འཕྲིན་ཐུང་གཏོང་རེས་བྱེད་པ་དེ་ཉེན་ཁ་ཆེ་བའི་བྱ་བ་ཞིག་ཡིན་པས་དེའི་ཐད་དོ་སྣང་བྱེད་དགོས་པའི་ཁ་ཏ་བྱས་ཡོད།
  སིང་ཀ་ཕོའི་ཧུང་མའོ་ཟམ་གྲོང་གི་ལམ་རྒྱུད་ལ་ལྟ་ཞིབ་བྱེད་སྐབས། ལམ་མི་གསུམ་ཆ་གཅིག་གིས་ལམ་སྒྲོལ་སྐབས་ལག་ཐོགས་ཁ་པར་སོགས་སྤྱོད་མཁན་མང་བའི་ནང་ནས་ཕལ་ཆེ་བ་ནི་གཞོན་ནུ་ཡིན་ཞིང་། ཁོང་ཚོའི་ཁྲོད་ནས་ལ་ལས་རོལ་དབྱངས་ཉན་པ་དང་། ལ་ལས་མགོ་སྒུར་སྒུར་བྱས་ནས་ལག་ཐོགས་ཁ་པར་གྱི་དྲ་རྩེད་ལ་རོལ་བའམ་ཡང་ན་འཕྲིན་ཐུང་གཏོང་བ། ཡང་ལ་ལས་ལམ་དུ་བསྐྱོད་ཀྱིན་དུ་ལག་ཐོགས་ཁ་པར་ནས་ལྟད་མོ་ལྟ་བ་སོགས་བྱེད་ཀྱི་ཡོད།
  ལོ ༢༣ ལ་སླེབས་པའི་ཧྥང་མེ་ཀྲེན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“ངས་གླུ་སྒྲ་ཆུང་དུ་བཏང་ནས་ཉན་སྟབས། ཕྱིའི་སྒྲ་ཐོས་ཀྱི་འདུག ལམ་སྒྲོལ་སྐབས་གློག་སྒྲོན་ལ་ལྟ་གི་ཡོད་པས། འགྲིམ་འགྲུལ་གྱི་ཉེན་ཁ་འཕྲད་དོགས་ཀྱི་སེམས་ཁྲལ་མི་འདུག”ཅེས་བརྗོད།
  གཞུང་ལམ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་མཐོ་རིམ་ཅིང་ལི་ཀྲོའུ་ཀྲེ་རེན་གྱིས་ལམ་མིས་འགྲིམ་འགྲུལ་སྒྲིག་སྲོལ་ལས་མི་འགལ་བ་དེ་བདེ་འཇགས་བརྒྱ་ཆ་བརྒྱ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་གློག་དམར་ལ་མི་ལྟ་མཁན་གྱི་རླངས་འཁོར་ཐུག་སྲིད་པས། དེས་ན་ལམ་དུ་བསྐྱོད་མཁན་གྱིས་ལམ་གྱི་གནས་ཚུལ་ལ་ལྟ་དགོས་ཤིང་། གལ་ཏེ་མགོ་སྒུར་སྒུར་བྱས་ནས་ལག་ཐོགས་ཁ་པར་ལྟ་བ་སོགས་བྱས་ཚེ། ཉེན་ཁ་ཆེན་པོ་ཡོད་ཅེས་བཤད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག