ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱིས་བཙོན་པར་སྡུག་གཅོད་བཏང་སྐོར་གྱི་སྙན་ཞུ་ཁྱབ་བསྒྲགས་བྱས།

2014-12-12
  ཤིན་ཧྭ་གསར་འགྱུར་ཁང་ཝ་ཧྲེང་ཐོན་ནས་ཟླ ༡༢ ཚེས ༩ ཉིན་གློག་འཕྲིན་འབྱོར་པ་ལྟར་ན། ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མའི་གསང་འཕྲིན་ཨུ་ལྷན་གྱིས་ཚེས ༩ ཉིན་ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱིས་འདྲི་རྩད་བྱེད་རིང་བཙོན་པར་སྡུག་གཅོད་བཏང་བའི་སྐོར་གྱི་སྙན་ཞུ་ཁྱབ་བསྒྲགས་བྱས་པ་དང་སྙན་ཞུའི་ནང་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱིས་པུ་ཧྲི་ཆུང་བས་སྲིད་གཞུང་གི་འགན་ཁུར་རིང་དང་ལྷག་པར་དུ“འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་འཁྲུག”རྒྱག་རིང་བཙོན་པར་སྡུག་གཅོད་བཏང་བའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་ཁྱབ་བསྒྲགས་བྱས།
  ཤོག་གྲངས ༤༨༠ ཡོད་པའི་སྙན་ཞུ་དེ་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མའི་གསང་འཕྲིན་ཨུ་ལྷན་གྱིས་གསང་འགྲོལ་གཏན་ནས་བྱེད་མྱོང་མེད་པའི་ཤོག་གྲངས་༦༢༠༠ ཡོད་པའི་འབྲེལ་ཡོད་སྙན་ཞུའི་ནང་ནས་བདམས་པ་ཞིག་རེད། སྙན་ཞུ་དེའི་ནང་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱིས་གསང་འཕྲིན་ཐོབ་པ་བྱ་ཆེད་འཛིན་བཟུང་བྱས་པའི་འཇིགས་སྐུལ་དང་ཐལ་སྐྱོད་སྒྲིག་འཛུགས་ཀྱི་ཉེས་གསོག་དོགས་ཅན་ལ་སྡུག་གཅོད་བཏང་བ་དེའི་ནང་གཉིད་ཁུག་ཏུ་མི་འཇུག་པ་དང་། ས་ཆ་གུ་དོག་སར་བཙོན་བཅུག་བྱེད་པ། མི་ལུས་ལ་བརྙས་བཅོས་གཏོང་བ་དང་དེ་བཞིན་ཆུ་ཆད་གཅོད་པ་སོགས་ཚུད་པ་རེད།
  ཨོ་བྷ་མས་གདུག་རྩུབ་ཆེ་བའི་འདྲི་རྩད་བྱེད་སྟངས་དེས་འཛམ་གླིང་ཐོག་གི་ཨ་རིའི་མཚན་སྙན་ལ་གནོད་འཚེ་ཚབས་ཆེན་བཏང་ཡོད་ལ་ཨ་རིས་སྤྱི་པའི་ཁེ་ཕན་དོན་གཉེར་བྱེད་པའི་ཐད་ཀྱི་མཉམ་ལས་ལའང་ཤུགས་རྐྱེན་ཐེབས་ཡོད་ཅེས་གསུངས།
  ཕྱི་ཕྱོགས་ཀྱི་སྐྱོན་བརྗོད་བྱེད་པའི་ཐད་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱི་ཅུས་ཀྲང་པུ་ལུན་ནན་གྱིས་གསང་འཕྲིན་ཐོབ་ཐབས་བྱེད་པའི་ལས་དོན་ཁྲོད་ལས་འཛོལ་ཤོར་བའི་ཁས་བླངས་མོད། འོན་ཀྱང་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱིས་འཇིགས་སྐུལ་རྩ་འཛུགས་ཀྱི་ཉེས་གསོག་དོགས་ཅན་ལ་འདྲི་རྩད་བྱེད་པའི་ཐད་ཕོ་བྲང་དཀར་པོ་དང་། ཁྲིམས་འཛིན་པུའུ། རྒྱལ་ཚོགས་བཅས་ལ་མགོ་སྐོར་བཏང་ལུགས་ཁས་བླངས་མི་འདུག
  སྙན་ཞུ་དེས་རྐྱེན་པས་གོ་ལ་ཧྲིལ་པོའི་ས་ཆ་ཁག་ཏུ་ཡོད་པའི་ཨ་རིའི་སྒྲིག་བཀོད་ལ་བདེ་འཇགས་ཀྱི་ཉེན་ཁ་ཕོག་སྲིད་པའི་ཐད་ཕོ་བྲང་དཀར་པོ་ཕྱོགས་ནས་ཨ་རི་སྲིད་གཞུང་གིས་འདས་ཟིན་པའི་ཟླ་ཤས་ནང་བྱེད་ཐབས་སྤྱད་དེ་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱི་བཙོན་པར་སྡུག་གཅོད་བཏང་བའི་དབང་གིས་བདེ་འཇགས་ལ་འཇིགས་སྐུལ་ཕོག་སྲིད་པར་ཁ་གཏད་གཅོག་རྒྱུ་དང་འབྲེལ་ས་ཆ་ཁག་གི་སྒྲིག་བཀོད་ལ་འོས་འཚམ་གྱི་བདེ་འཇགས་དོགས་ཟོན་བྱ་རྒྱུའི་འགན་ལེན་ཡང་བྱས་ཡོད་ཅེས་བཤད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག