ཤིན་ཧྭ་གསར་འགྱུར་ཁང་ཝ་ཧྲིང་ཐོན་ནས་གློག་འཕྲིན་འབྱོར་གསལ། རྒྱལ་སྤྱིའི་ཚན་ཞིབ་ཚོགས་ཆུང་ཞིག་གི་ཁོངས་མིས་ཚེས་10ཉིན་སྙན་ཞུ་ཞིག་སྤེལ་བའི་ནང་ཚོད་རྩིས་བྱས་པར་གཞིགས་ན། གོ་ལ་ཧྲིལ་པོའི་རྒྱ་མཚོའི་ངོས་སུ་སྤོས་འགྱིག་གད་སྙིགས་ཆེ་ཆུང་མི་འདྲ་བ་དུང་ཕྱུར་ཁྲི་5ཙམ་ལས་བརྒལ་བ་གཡེང་ཡོད་པར་ལྗིད་ཚད་བསྡོམས་འབོར་ཏུན་ཁྲི 27 ཙམ་ཟིན་ཡོད་ཅེས་བརྗོད།
ཨ་རིའི《ཚན་རིག་གི་སྤྱི་པའི་དཔེ་མཛོད་ཁང་གི་ཕྱོགས་བསྡུས་རབ་བྱེད》ཐོག་སྙན་ཞུ་སྤེལ་བའི་ནང་2007ལོ་ནས་2013ལོ་བར་གྱི་ཚན་རིག་རྟོག་ཞིབ་རུ་ཁག་མི་འདྲ་བས་རྒྱ་མཚོར་རྟོག་ཞིབ་ཐེངས་24བྱས་པའི་ལྟ་དཔྱད་ཚད་འཇལ་གྱི་གྲངས་གཞིར་དབྱེ་ཞིབ་བྱས་པ་དེ་གོ་ལ་ཧྲིལ་པོའི་ཚ་བའི་ས་ཁུལ་གྱི་རྒྱ་མཚོའི་གདུབ་རྒྱུན་དང་། ཨོ་སི་ཁྲུ་ལི་ཡའི་མཚོ་རྒྱུད། མོང་ཅ་ལ་མཚོ་ཁུག ས་དབུས་རྒྱ་མཚོ་སོགས་ས་ཁུལ་དང་འབྲེལ་བ་ཡོད་པ་རེད།
“ཞིབ་འཇུག་དེས་རྒྱ་མཚོའི་ནང་གི་ཆེ་ཆུང་མི་འདྲ་བའི་སྤོས་འགྱིག་ལ་བསྡུར་བ་བྱས་ཡོད”སྙན་ཞུ་དེའི་ནང“ང་ཚོས་ཚོད་རྩིས་བྱས་པར་གཞིགས་ན། ཉུང་མཐར་ཡང་སྤོས་འགྱིག་དུང་ཕྱུར་ཁྲི 5.25ཡོད་པར་ལྗིད་ཚད་བསྡོམས་འབོར་ཏུན་ཁྲི་26.894ཟིན་པའི་གད་སྙིགས་གོ་ལ་ཧྲིལ་པོའི་མཚོ་ངོས་སུ་གཡེང་ཡོད”ཅེས་བརྗོད་པ་རེད།
ཞིབ་འཇུག་མི་སྣས་ད་དུང་སྤོས་འགྱིག་ཆེ་ཆུང་མི་འདྲ་བ་མཚོ་ངོགས་ཀྱི་ཉེ་འགྲམ་དུ་ཡོད་པ་དང་སྤོས་འགྱིག་ཆུང་གྲས་སྤྱིར་ན་མཚོ་ངོགས་དང་ཐག་རིང་ཙམ་གྱི་སར་གནས་ཡོད་པ་དེ་ནི་རྒྱ་མཚོའི་གདུབ་རྒྱུན་གྱིས“ཞིབ་རྡུང”བྱས་ནས་སྤོས་འགྱིག་ཆེ་རིགས་ཆུང་ངུར་གྱུར་པ་ཞིག་རེད། མཇུག་མཐར་སྤོས་འགྱིག་ཞིབ་རྡུང་རྣམས་རྒྱ་མཚོའི་ཟ་རིགས་འཁོར་འབྲེལ་ནང་འཛུལ་གྱི་ཡོད་པ་ཤེས་རྟོགས་བྱུང་བ་རེད།
ཞིབ་འཇུག་དེའི་ནང་ཞུགས་མཁན་ཨ་རིའི“གདུབ་རྒྱུན་ལྔའི་ཞིབ་འཇུག་ཁང”གི་ཞིབ་འཇུག་ཀྲུའུ་རེན་མ་ཁུའུ་སི•ཨའེ་ལི་ཁེ་སེན་གྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང“ང་ཚོས་ཤེས་རྟོགས་བྱུང་བ་ལས་མངོན་པ་ལྟར་ན། ཚ་བའི་ས་ཁུལ་གྱི་རྒྱ་མཚོའི་གདུབ་རྒྱུན་ཆེ་གྲས་ལྔའི་ནང་གི་གད་སྙིགས་གཡེང་ཁུལ་ནི་སྤོས་འགྱིག་གད་སྙིགས་གཡེང་ས་མཐའ་མ་དེ་མིན་པ་ཤེས་རྟོགས་བྱུང་ཡོད། སྤོས་འགྱིག་ཆུང་ངུའི་མཇུག་འབྲས་ནི་ཟས་རིགས་འཁོར་འབྲེལ་བརྒྱུད་དེ་རྒྱ་མཚོའི་སྣོད་བཅུད་མ་ལག་ནང་སླེབས་ཀྱི་ཡོད་པ་དེ་རེད”ཅེས་བརྗོད་པ་རེད།
ཞིབ་འཇུག་མི་སྣས་ད་དུང་ཁོང་ཚོས་རྩིས་བརྒྱབ་པའི་འབྲས་བུ་ནི་“ཧ་ཅང་དམ་སྲུང”ཡིན་པ་དང་ཚོད་རྩིས་གྲངས་གཞི་ཆུང་ཤོས་ཙམ་ཡིན་སྲིད། གཞན་ཡང་ཞིབ་འཇུག་དེས་མཚོ་ངོགས་དང་། མཚོ་མཐིལ། མཚོ་ཐོག་ཏུ་གཡེང་བ་དང་རྒྱ་མཚོའི་སྲོག་ཆགས་ཀྱིས་ཟོས་པའི་སྤོས་འགྱིག་གད་སྙིགས་འབོར་ཆེན་བརྩིས་མེད་ཅེས་ནན་བཤད་བྱས་ཡོད་འདུག(རྩོམ་འགན་པ། རྟ་མགྲིན)