ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཨ་ཧྥུ་ཀ་ནི་སི་ཐན་ནས་ལོ་ངོ ༢༦༠༠ སྔོན་གྱི་ནང་བའི་དགོན་པ་གསར་རྙེད་བྱུང་།

2015-01-28 ཀླུ་རྒྱལ།

ཨ་ཧྥུ་ཀ་ནི་སི་ཐན་ནས་གསར་རྙེད་བྱུང་བའི་ལོ་ངོ ༢༦༠༠ སྔོན་གྱི་ནང་བའི་དགོན་པའི་ནང་རིག་དངོས་འབོར་ཆེན་ལྷག་འདུག
  དབྱིན་ཇུའི《ཉིན་རེའི་སྦྲག་ཚགས》སྟེང་བཀོད་པ་ལྟར་ན། ཀྲུང་གོའི་ཀུང་ཟི་ཞིག་གིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཡུལ་དབུས Mes Aynak ས་ཆ་ནས་ཟངས་གཏེར་སྔོག་འདོན་བྱེད་སྐབས་དར་གོས་འགྲུལ་ལམ་སྟེང་དུ་སྐྲུན་ཡོད་པའི་ལོ་ངོ ༢༦༠༠ སྔོན་གྱི་ནང་བའི་དགོན་པ་ཞིག་གསར་རྙེད་བྱུང་། དེ་ནི་གནའ་དཔྱོད་གསར་རྙེད་ཆེན་པོ་ཞིག་ཏུ་ཆགས་ཡོད་འདུག
  གནའ་དཔྱོད་ཆེད་མཁས་པས་ངོ་སྤྲོད་གནང་དོན། ད་ལོའི་ཟླ ༥ བའི་ནང་གསར་རྙེད་བྱུང་བའི་དགོན་པ་དེ་ནི་ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱལ་ས་ཁན་པོའོ་འུར་གྱི་ལྷོ་རུ་སྤྱི་ལེ ༣༠ མཚམས་སུ་ཡོད། འོན་ཀྱང་ད་ལྟའི་བར་དུ་ཕྱིར་གསལ་བསྒྲགས་མ་གནང་བ་རེད། སྤྱི་ལོ་སྔོན་གྱི་དུས་རབས ༧ པའི་ནང་སྐྲུན་པའི་ནང་བསྟན་དགོན་པ་དེའི་ནང་རང་བསྲེལ་མཆོད་རྟེན་ཁ་ཤས་དང་། ལྷ་སྐུ་ཆེ་ཆུང ༡༥༠ ལྷག་ཡོད་འདུག ད་དུང་གསེར་དང་སྒོར་མོ་སོགས་ཀྱི་རྒྱན་རིས་ཡོད་པའི་ལྡེབས་རིས་ཀྱང་འདུག
  མིག་སྔར་ཨ་ཧྥུ་ཀ་ནི་སི་ཐན་དང་ཧྥ་རན་སེ་ནས་ཡོང་བའི་གནའ་དཔྱོད་ཆེད་མཁས་པ ༡༨ ཀྱིས་བཟོ་ལས་པ་དག་ཁྲིད་ནས་སྤྱི་ལེ་གྲུ་བཞི་མ ༢ ཀྱི་ཡུལ་དངོས་སུ་མུ་མཐུད་ནས་སྔོག་འདོན་བྱ་བཞིན་ཡོད། “ལོ་རྒྱུས་སྟེང་དུ་ས་གནས་འདི་ནི་དར་གོས་འགྲུལ་ལམ་གྱི་དཀྱོགས་མཚམས་ཞིག་ཡིན། ས་ཆ་འདི་རུ་རིག་དངོས་རྩ་ཆེན་མང་པོ་ས་འོག་ཏུ་མནན་ཡོད། དེ་ཚོའི་གྲངས་ཀ་ནི་རྒྱལ་ཁབ་དངོས་མང་རྟེན་རྫས་ཁང་ནང་དུའང་ཤོང་དཀའ་བའི་ཚད་ཡིན། ”ཡུལ་དངོས་ཀྱི་སྔོག་འདོན་ལས་ཀའི་འགན་ཁུར་མཁན་ཧྥ་རན་སེའི་གནའ་དཔྱོད་ཆེད་མཁས་པ་མ་ཁེ་སུས་དེ་ལྟར་བརྗོད་བྱུང་།
  ཤེས་གསལ་ལྟར་ན། Mes Aynakདགོན་པའི་རིག་དངོས་ཆ་ཚང་སྔོག་འདོན་བྱ་དགོས་ན་མ་མཐའ་ཡང་ལོ ༣ འགོར་ངེས། རིག་དངོས་འདི་དག་ལ་སྲུང་སྐྱོབ་ཡག་པོ་བྱ་ཆེད་སྔོག་འདོན་ཡུལ་དངོས་ཀྱི་གཏེར་འདོན་གྱི་ལས་ཀ་མཚམས་བཞག་འདུག
  དོན་དངོས་ལྟར་ན་ཨ་ཧྥུ་ཀ་ནི་སུ་ཐན་ནི་འཛམ་གླིང་ཤར་ནུབ་སྦྲེལ་བའི་འགག་གནས་ཤིག་ཡིན་པའི་ཆ་ནས། ཨ་ཧྥུ་ཀ་ནི་སུ་ཐན་དུ་ལོ་རྒྱུས་རིག་དངོས་ཤིན་ཏུ་མོད། འོན་ཀྱང་སུའུ་ལེན་གྱིས་བཙན་འཛུལ་དང་། ཨ་ཧྥུ་ཀ་ནི་སུ་ཐན་ནང་འཁྲུག ཨ་རིའི་འཇིགས་རྒོལ་དམག་འཁྲུག་སོགས་འཁྲུག་ཟིང་བསྟུད་མར་བྱུང་བས། རིག་དངོས་ལ་ཆག་སྒོ་ཚབས་ཆེན་བྱུང་ཡོད། ༢༠༠༡ ལོའི་ཟླ ༣ པའི་ནང་ཐ་ལི་པན་གྱིས་འཛམ་གླིང་ཁྱོན་ཡོངས་ཀྱི་སྐད་འབོད་ལ་དོ་སྣང་མ་བྱས་པར་སྦ་མས་ཡང་ས་ཆའི་སངས་རྒྱས་ཀྱི་སྐུ་གཟུགས་འབར་མདེལ་གྱིས་གཏོར། བྱ་སྤྱོད་དེས་འཛམ་གླིང་ཡོངས་ལ་ཡ་ང་རུ་བཅུག འོན་ཀྱང་དེ་ནི་ཟུར་སྣེ་ཙམ་ཞིག་སྟེ། སྦ་མས་ཡང་སྐུ་གཟུགས་ལས་གཞན་ཨ་ཧྥུ་ཀ་ནི་སུ་ཐན་གྱི་རིག་དངོས་གྲངས་ལས་འདས་པ་ཞིག་ལ་ལ་གཏོར་སྐྱོན་དང་། རྐུན་ཇག ལྐོག་ཚོང་ཐེབས་ཡོད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག