ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

ཧྲན་ཞི(陕北)བྱང་དུ་པོ་ཏ་ལའི་ཁྱད་ཆོས་ལྡན་པའི་ཧྲང(商)གི་གནའ་ཤུལ་རྙིང་པ་སྐོར་ཞིག་རྙེད།

2014-12-25 བཀྲ་རྒྱལ།
  ཁ་སང་།  གསར་འགོད་པས་ཧྲན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།   ལོ་ངོ་གསུམ་རིང་བསྟུད་མར་གནའ་རྫས་སྔོག་བཤེར་བྱས་པ་བརྒྱུད།  གནའ་རྫས་རྟོག་ཞིབ་མི་སྣས་ཧྲན་ཞིའི་བྱང་ཕྱོགས་ཆིང་ཅན་རྫོང་ཤིན་ཀྲོང་གནའ་ཤུལ་ནས་འཛུགས་སྐྲུན་གཞི་ཁྱོན་ཆེ་ཞིང་བཟོ་བཀོད་ཐུན་མིན་ཅན་གྱི་ཆོས་ལུགས་ཆོ་ག་སྤེལ་སའི་འཛུགས་སྐྲུན་ཁག་ཅིག་རྙེད་སོན་བྱུང་འདུག་ཅིང་།  འཛུགས་སྐྲུན་གྱི་ཕྱི་སྐོར་དུ་ཐོག་ཁང་བསྐྲུན་ཤུལ་ཡོད་དེ།  ཚད་ངེས་ཅན་སྟེང་ཕོ་བྲང་པོ་ཏཱ་ལའི་ཕྱིའི་བཟོ་བཀོད་ཀྱི་ཁྱད་ཆོས་ལྡན་པའོ། །
  ཞིང་ཆེན་གནའ་རྫས་རྟོག་ཞིབ་ཁང་གི་ཆེད་མཁས་ཀྱིས་ངོ་སྤྲོད་ལྟར་ན།  ཤིན་ཀྲོང་གནའ་ཤུལ་ནི་ཆིང་ཅན་རྫོང་ནས་སྤྱི་ལེ ༢༠ ཡི་མཚམས་སུ་ཡོད་ཅིང་།  ལྦུའུ་ཏེན་གཙང་པོའི་སྨད་རྒྱུད་ཆུ་ལག་ཁྲོན་ཁུ་ཆུ་བོའི་སྟོད་རྒྱུད་དུ་ཆགས་ཡོད་ཅིང་།  སྤྱི་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི ༡༠ ལྷག་ཡོད།  དེ་ནི་གཙོ་བོ་ནི་ཧྲང་རྒྱལ་རབས་དུས་མཇུག་གི་གནའ་ཤུལ་ཡིན་ཏེ།   ཇག་རྐུན་གྱིས་རྐུ་འཕྲོག་ཚབས་ཆེན་ཐེབས་འདུག  ༢༠༡༢ ལོར།  ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་གྲོང་ཁྱེར་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་མཉམ་འབྲེལ་སྒོས་རྟོག་ཞིབ་ཚོགས་པ་རྩ་འཛུགས་བྱས་ངོར།  གནའ་ཤུལ་དེར་བརྟག་དཔྱད་དང་རྩད་གཅོད།  མྱུར་སྐྱོབ་རང་བཞིན་གྱི་སྔོག་འདོན་བྱས་པ་དང་།   ལོ་ངོ་གསུམ་རིང་འབད་བརྩོན་བྱས་པ་བརྒྱུད།  གནའ་ཤུལ་དེ་ནི་འཛུགས་སྐྲུན་གཞི་རྒྱ་ཆེ་ཞིང་བཟོ་བཀོད་ཐུན་མིན་གྱི་ཆོས་ལུགས་ཆོ་ག་སྤེལ་སའི་འཛུགས་སྐྲུན་ཞིག་ཡིན་པ་གསལ་པོར་རྟོགས་པ་དང་།   འཛུགས་སྐྲུན་གྱི་ཕྱི་སྐོར་དུ་ཐོག་ཁང་གིས་བསྐོར་ཡོད་པ།  དཀྱིལ་དུ་གྲུ་བཞི་ནར་མོའི་དབྱིབས་ཀྱི་ར་སྐོར་ཡོད་པ།  ར་སྐོར་གྱི་དཀྱིལ་དང་ནུབ་ཕྱོགས་སུ་འཛུགས་སྐྲུན་དང་ཁང་པ་བཅས་བསྐྲུན་པའི་རྗེས་ཤུལ་ཡོད་འདུག
  འཛུགས་སྐྲུན་ཚོམས་དེའི་བཟོ་དབྱིབས་ག་འདྲ་ཡིན་པའི་ཐད།  གནའ་རྫས་སྔོག་འདོན་ཡིག་ཚགས་ལ་གཞིགས་ན།   ཧྲང་རྒྱལ་རབས་ཀྱི་དུས་མཇུག་གི་མི་རྣམས་ཀྱིས་རི་རྩེའི་རང་བྱུང་བཀོད་པ་ལྟར།   ཕྱོགས་བཞི་ཤིང་རྡོས་སྐོར་པ།  མཐོ་ཚད་ལ་སྨི ༡༠ ལྷག་དང་།  རྩེ་རུ་སྨི་གྲུ་བཞི་མ་ཁྲི་གཅིག་ཆེ་ཆུང་གི་སྡིངས་ཆ་བཟོས་ཡོད་པ་རྟོགས་ཐུབ།
  ཆེད་མཁས་ཀྱིས།   ཤིང་རྡོའི་གྲུབ་པའི་འཛུགས་སྐྲུན་ཚོམས་དེའི་ས་ཁྱོན་སྨི་གྲུ་བཞི་མ་ཁྲི ༤༢༠༠ ཟིན་ཡོད་ཅིང་།   གཞི་ཁྱོན་ཆེ་ལ་མཐོ་ཚད་སྨི ༡༠ ཅན་དེའི་ཕྱིའི་བཟོ་བཀོད་རྔམ་བརྗིད་ལྡན་ལ་ཐུན་མིན་ཁྱད་ཆོས་དོད་པ་ནི་ཤིན་ཏུ་མཐོང་དཀོན་པ་ཞིག་སྟེ། ཚད་ངེས་ཅན་སྟེང་ཕོ་བྲང་པོ་ཏཱ་ལའི་ཕྱིའི་བཟོ་བཀོད་ཀྱི་ཁྱད་ཆོས་ལྡན་ཞེས་ངོ་སྤྲོད་གནང་བྱུང་།
  འཛུགས་སྐྲུན་ཚོམས་ལ་གཞི་ཁྱོན་ཆེ་ཞིང་ཐུན་མིན་ཁྱད་ཆོས་ལྡན་པ་ཞིག་ཏུ་སྣང་ནའང་། རྟོག་ཞིབ་པས་དེར་མི་སྡོད་མྱོང་པའི་སྣང་ཚུལ་མཐོང་མ་བྱུང་།   བརྟག་དཔྱད་གང་ལེགས་བྱས་པ་བརྒྱུད།   གནའ་རྫས་རྟོག་ཞིབ་མི་སྣས་འཛུགས་སྐྲུན་ཚོམས་དེའི་བྱང་ཕྱོགས་སྨི ༥༠ ཡི་མཚམས་སུ་འཚོ་བའི་ཁྱད་ཆོས་ལྡན་པའི་སྡོད་ཁང་གི་འཛུགས་སྐྲུན་རྙེད་ཡོད་དེ།  འཛུགས་སྐྲུན་དུ་ལྷོ་བྱང་གི་ར་སྐོར་གཉིས་སུ་དགར་ཡོད་ཅིང་།  ར་སྐོར་ནང་ནི་ཐང་བདེ་ཡིན་པ།  ས་གནས་ཁ་ཤས་སུ་འཚོ་བ་རོལ་མྱོང་པའི་སྣང་ཚུལ་ཅུང་གསལ་པོར་མཐོང་ཐུབ།  ར་སྐོར་རེར་ཁང་བསྟར་ཆུང་ངུ་རེ་ཡོད་ཅིང་། ར་སྐོར་ལྷོ་མའི་ནང་ཁང་པ་གྱན ༡༥ ཡི་ཤུལ་རྙེད་པ་དང་། དེའི་ཁྲོད་ཁང་པ་གྱན་རེའི་ས་ཁྱོན་སྨི་གྲུ་བཞི་མ ༤ ནས ༡༢ ཟིན་ཡོད་པ།  ཁང་པའི་ནང་དུ་གནའ་རྫས་རྟོག་ཞིབ་མི་སྣས་ཐབ་ཚང་དང་དུ་ཁུང་། མལ་ཁྲི་སོགས་ཀྱི་རྗེས་ཤུལ་ཏེ་གནའ་མི་དག་གིས་འཚོ་བ་རོལ་མྱོང་པའི་ཚུལ་མཐོང་ཐུབ།
  གནའ་རྫས་རྟོག་ཞིབ་མི་སྣས་འཛུགས་སྐྲུན་ཚོམས་དེའི་རི་རྩེར་དུར་སའང་རྙེད་འདུག  དེར་རྐུ་འཕྲོག་གི་གནོད་པ་ཚབས་ཆེན་ཐེབས་ཡོད་ནའང་།  རྫ་ཆས་དང་རུས་པ།  ཟངས་ཆས་སོགས་རིག་དངོས་རྩ་ཆེན་ས་འོག་ནས་ཐོན་ཡོད་ཅིང་།  ཆེད་མཁས་ཀྱིས་རི་རྩེའི་འཛུགས་སྐྲུན་ཚོམས་སུ་མིག་སྔར་མི་སྡོད་པའི་ཤུལ་མཐོང་ཐུབ་མེད་ནའང་།  ཚོད་དཔག་ལྟར་ན་ཆོས་ལུགས་ཀྱི་ཆོ་ག་སྤེལ་ས་ཞིག་ཡིན་ཚོད་འདུག ཉེ་འཁོར་དུ་སྡོད་པའི་གནའ་མི་དག་གིས་ཆོ་ག་སྒྲུབ་སའི་ཁང་པ་དག་སྲུང་ཆེད་གནས་འདིར་གཞི་ཆགས་པ་ཡིན་མིན་མིག་སྔར་ཐག་ཆོད་མི་འདུག
  ས་འོག་ནས་ཐོན་པའི་རིག་དངོས་ཁྲོད།   གནའ་རྫས་རྟོག་ཞིབ་མི་སྣས་ཞིང་ལས་ཡོ་ཆས་སྟ་རེ་དང་། རྡོ་གྲི   གཞན་ཕག་དང་ལུག   ཁྱི་སོགས་སྲོག་ཆགས་ཀྱི་རུས་པ་རྙེད་འདུག    དེས་ས་གནས་དེ་གར་ཞིང་ལས་དཔལ་འབྱོར་གཉེར་གྱིན་པ་མ་ཟད་ཕྱུགས་ཟོག་ཉུང་ཤས་ཀྱང་འཚོ་སྐྱོང་བྱེད་ཀྱིན་པ་མཚོན་ཡོད་ལ།   མི་རྣམས་ཀྱིས་དེ་སྔོན་རང་རྒྱལ་བྱང་ཕྱོགས་ཀྱི་ལི་ཆས་སྤྱོད་པའི་རིག་གནས་ནི་རྩྭ་ཐང་གི་འབྲོག་ལས་ཤེས་རིག་ཏུ་གཏོགས་ཞེས་པའི་འདུ་ཤེས་བཅོས་སྒྱུར་བྱེད་ཐུབ།  མ་ཟད།  འཛུགས་སྐྲུན་ཚོམས་དེའི་རྙོག་འཛིང་ཆེ་བའི་སྒྲིག་གཞི་དང་།  ཐུན་མིན་གྱི་བཟོ་བཀོད།  གཞི་ཁྱོན་ཆེ་བ་སོགས་ནི་ཀྲུང་གོའི་ལོ་རྒྱུས་འཛུགས་སྐྲུན་གྱི་ནང་གི་བཀོད་པ་དང་ཡོངས་སུ་བརྒལ་ཡོད་པས་གནའ་བོའི་འཛུགས་སྐྲུན་ལོ་རྒྱུས་ཐད་དོན་སྙིང་གལ་ཆེན་ལྡན།  འཛུགས་སྐྲུན་དེའི་བཟོ་བཀོད་ནི་ཧྲང་རྒྱལ་རབས་ཀྱི་ཧྲན་ཞི་བྱང་ཕྱོགས་ཀྱི་གནའ་མིའི་ཤེས་རིག་གསར་གཏོད་དུ་གཏོགས་མིན་དང་།   རིག་གནས་གཞན་པའི་ཤུགས་རྐྱེན་ཐེབས་ཡོད་མེད་ཐད་རིམ་གྱིས་ཞིབ་འཇུག་བྱེད་དགོས་པ་ཞིག་རེད་འདུག(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག