ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

ཐེ་ལན་ཌིའི་སྐྱེས་མའི་སྐེ་ཡི་ཟངས་ཀྱི་ཨ་ལོང་།

2014-12-17 བཀྲ་ཤིས་མཚོ།

  ཐེ་ལན་ཌི ( Thailand) རྒྱལ་ཁབ་གྱི་བྱང་ཕྱོགས་སུ། མིང་ལ་སྐེ་རིང་སྡེ་ཞེས་འབོད་པའི་གྲོང་ཚོ་ཁྱད་པར་ཅན་ཞིག་ཆགས་ཡོད། གྲོང་ཚོ་འདིའི་སྐྱེས་མ་དག་ལ་ལྐོག་ཏུ་གྱུར་བའི་ཉམས་སྣང་ལྡན་པ་མ་ཟད། ཁོ་ཚོའི་མགོ་སྐེ་དེ་རྒྱུན་ལྡན་མ་ཡིན་པར་ཧ་ཅང་རིང་བ་དང་། ས་གནས་དེའི་མི་ཀུན་གྱིས་སྐེ་རིང་མི་རྒྱུད་ཞེས་སུ་འབོད་པ་རེད། ཁོ་ཚོ་ཐོག་མ་ཉིད་དུ་འབར་མ་རྒྱལ་ཁབ་གྱི་གྲངས་ཉུང་མི་རིགས་ཤིག་ཡིན་པ་དང་། སྔ་མོའི་དུས་སུ་དམག་འཁྲུག་ལ་གཡོལ་ཆེད་མཐའ་མཚམས་བརྒྱུད་ནས་ཐེ་ལན་ཌི་རྒྱལ་ཁབ་གྱི་བྱང་ངོས་སུ་བྲོས་འོངས་བ་དང་། དེ་གའི་སྲིད་གཞུང་གིས་གཏན་ལ་ཕབ་པའི་སྐེ་རིང་སྡེ་བ་ནས་འཚོ་བ་རོལ་དགོས་བྱུང་བ་རེད། དེ་ཡངསྡེ་བའི་ནང་གི་སྐྱེས་པ་རྣམས་ལ་སྲིད་གཞུང་གི་ཆོག་མཆན་ཐོབ་རྗེས་ཕྱི་རུ་གླ་རྒྱག་ཏུ་སོང་ཆོག་པ་དང་། བུད་མེད་དང་བྱིས་པ་རྣམས་ནི་སྡེ་ནང་ནས་སྡོད་དགོས་པ་རེད། ཁོ་ཚོའི་བུད་མེད་རྣམས་ནི་ལག་ལས་བཟོ་བརྩ་གྱི་ཆ་ལ་བྱང་ཆ་ལྡན་ཞིང་། རང་ཉིད་ཀྱི་ལག་ཤེས་ཐོན་ལས་དེ་དག་ཡུལ་སྐོར་པར་དྲན་རྟེན་ཆུང་ཆུང་གི་ཚུལ་དུ་འགྲེམ་འཚོང་བྱེད་བཞིན་འདུག་པ་དང་། དེ་ནི་ཁོ་ཚོར་མཚོན་ན་འཚོ་བའི་རྟེན་གཞི་གཙོ་བོ་ཞིག་ཡིན་པ་རེད།
   སྐེ་རིང་མི་རྒྱུད་ཀྱི་ངག་རྒྱུན་དུ། མིའི་རིགས་གྱི་མེས་པོ་ལས་སྐྱེས་པ་ནི་འབྲུག་ཡིན་པ་དང་སྐྱེས་མ་ནི་རྒྱ་བྱ་ཡིན་པར་ངོས་བཟུང་ཡོད་པ་དང་། ཁོ་ཚོའི་བློ་ངོས་སུ་འབྲུག་དང་མདོག་མཛེས་རྒྱ་བྱ་གཉིས་ནི་གནམ་སའི་འོག་གི་ཆེས་ཁྱད་དུ་འཕགས་པའི་སེམས་ཅན་ཡིན་པ་རེད། དེ་བས་ལོ་ངོ་སྟོང་ཕྲག་དུ་མའི་རིང་དུ། རང་གི་ཁྱིམ་རྒྱུད་ཀྱི་བུད་མེད་རྣམས་ལ་རྒྱ་བྱ་ལྟ་བུའི་སྐེ་ཕྲ་ཞིང་རིང་བ་ཞིག་ཡོང་ཆེད། ཆུང་བྱིས་པ་ལོ་ན་ལྔ་དྲུག་གི་དུས་ཏེ་མི་ལུས་ཀྱི་རུས་སྒྲོམ་སྐྱེ་འཕེལ་བྱུང་དུས་ནས་བཟུང་། སྐེ་ལ་ཟངས་ཀྱི་ཨ་ལོང་བསྐོན་པའི་ལུགས་སྲོལ་འདི་ཡོད་པ་རེད། དེ་ཡང་ཐོག་དང་པོར་འདོགས་དུས་ཨ་ལོང་གསུམ་ནས་ལྔ་བར་སྐེ་ལ་བསྐོན་དགོས་པ་དང་། ཟངས་ཀྱི་ཨ་ལོང་གཅིག་གི་འཕྲེད་བཅད་ཀྱི་ཚངས་ཐིག་ལ་ལི་སྨི་ ༡.༥ ཙམ་ཡོད། བུད་མེད་དག་གིས་ཟངས་ཀྱི་ཨ་ལོང་དེ་དུས་ནང་ཡིན་ཡང་སྐེ་ལ་བསྐོན་ནས་འདུག་དགོས་པ་དང་། དུས་ཡིན་ངེས་ཅན་ཞིག་གི་རྗེས་ནས་དེར་ལོབས་རྗེས་སླར་ཡང་དེ་བས་ཆུང་ཞིང་དམ་པའི་ཨ་ལོང་དུ་བརྗེ་དགོས་ལ། ཨ་ལོང་གི་ཁ་གྲངས་ཡང་སྔར་ལས་ཇེ་མང་དུ་གཏོང་སྲོལ་འདུག
   སྐེ་རིང་མི་རྒྱུད་ཀྱི་སྐྱེས་མ་དག་ལ་མཚོན་ན། མི་ཚེར་གང་བོར་ཆེས་མང་ན་སྐེ་ལ་ཟངས་ཀྱི་ཨ་ལོང ༢༥ ལྷག་འདོགས་དགོས་ལ། དེ་དག་གི་ལྗིད་ཚད་ཁྱོན་བསྡོམས་སྤྱི་རྒྱ་ ༥ ནས་ ༡༠ བར་ཡིན་པ་རེད། ལོ་ཡར་འཕར་བ་དང་བསྟུན་ནས། ཟངས་ཀྱི་ཨ་ལོང་དེ་དག་གིས་སོག་རུས་ཀྱི་རམ་འདེགས་ལ་དང་དེའི་ལྗིད་ཚད་ལ་བརྟེན་ནས་སྐེ་བ་ཇེ་རིང་དུ་གཏོང་བ་དང་། སྐེ་བའི་རུས་སྒྲོམ་དག་དེའི་འཐེན་ཤུགས་ཀྱི་འོག་ཏུ་ཡ་མ་གཟུགས་སུ་གྱུར་འདུག་པ་རེད། ཟངས་ཀྱི་ཨ་ལོང་དེ་དག་སྐེ་རིང་མི་རྒྱུད་ཀྱི་སྐྱེས་མ་རྣམས་ལ་མཚོན་ན། མི་ལུས་ཀྱི་བཀག་རྒྱ་ཆེན་པོ་ཞིག་ཡིན་ཏེ། དེ་སྐེ་ལ་བླངས་པ་ནས་ནམ་ཡང་ལེན་སྲོལ་མི་འདུགདུས་ཀྱི་འགྲོས་དང་བསྟུན་ནས། སྐེ་རིང་མི་རྒྱུད་དུའང་སྐྱེས་མའི་སྐེ་ལ་ཟངས་ཀྱི་ཨ་ལོང་བསྐོན་པའི་སྲོལ་རྒྱུན་དེ་ཉིད་ཉམས་དམུས་སུ་འགྲོ་བཞིན་འདུག་མོད། ཁོ་ཚོའི་སེམས་ངོར་སྐེ་བའི་ཨ་ལོང་དེ་དག་ནི་སྔར་མུས་བཞིན་མཛེས་སྡུག་དང་རྒྱུ་ནོར་གྱི་མཚོན་རྟགས་སུ་ངོས་འཛིན་བཞིན་ཡོད། དེ་བས། ཐེ་ལན་ཌི་རྒྱལ་ཁབ་བྱང་ངོས་སུ་འཚོ་བའི་སྐེ་རིང་མི་རྒྱུད་ཀྱི་ལུགས་སུ། ཕྲུ་གུ་བུ་མོ་སྐྱེས་པ་ལོ་ལྔ་ནས་དྲུག་ལ་སོན་རྗེས་སྔར་སྲོལ་བཞིན་དེའི་སྐེ་ལ་ཨ་ལོང་བསྐོན་བཞིན་ཡོད་དོ། །(རྩོམ་འགན་པ། ལྷ་དབང)
འབྲེལ་ཡོད་རྩོམ་ཡིག