ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

ཐང་གའི་སྒྱུ་རྩལ་རིན་ཐང་དང་ཁྲོམ་རའི་སྐྱོན་ཡོན་གླེང་བ།

2014-12-08 གཡུ་ལྩམ།

  གཟའ་སྔོན་མར་ཤང་ཀང་ཅཱ་ཧྲི་ཏེ་ཡི ༢༠༡༤ ལོའི་མཐོ་ཚོང་འགྲེམས་སྟོན་གྱི་སྟེང་དུ་མིང་རྒྱལ་རབས་ཀྱི་དར་སྐུད་ཀྱི་ཐང་ག་ཞིག་ལ་ཤང་ཀང་གི་ཤོག་སྒོར་དུང་ཕྱུར ༣.༤༨ སྤྲད་པ་དེས་ཀྲུང་གོའི་སྒྱུ་རྩལ་ཐོན་རྫས་ཀྱིས་རྒྱལ་སྤྱིའི་མཐོ་ཚོང་ལས་རིགས་སུ་ཟིན་ཐོ་བརྒལ་བ་དང་། གསར་འགོད་པས་གནས་ཚུལ་དེ་གཞིར་བཟུང་བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་འགྲེམས་སྟོན་ཞིག་ཏུ་ཆེད་མཁས་པ་དང་རི་མོ་བ། ཉར་ཚགས་མཁན་སོགས་ལ་ཐང་གའི་སྐོར་ནས་བཅར་འདྲི་ཞུས་པ་རེད།
  མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཐང་ཀྲུང་ཧྲན་གྱིས་དེ་ནི་ཟིན་ཐོ་བརྒལ་བའི་ཐང་ག་མཐོ་ཚོང་ཐེངས་ཤིག་ཡིན་ཞིང་། ན་ནིང་ནས་བཟུང་བོད་ཁུལ་དུ་གནའ་རྫས་ཉར་ཚགས་ལས་རིགས་སོགས་སུ་སྣང་ཚུལ་དེ་ལྟ་བུ་འབྱུང་གིན་ཡོད་པ་དང་། ཉར་ཚགས་ཀྱི་ཚོང་རའི་ངོས་ཐད་ནས་ལོ་སྔོན་མ་དག་རིང་ཐང་ག་ལ་དགའ་མོས་བྱེད་མཁན་ཅུང་ཉུང་བ་དང་། ༢༠༠༦ ལོར་ཐང་ག་དེ་ཉིད་རྒྱལ་ཁབ་ཀྱི་དངོས་མིན་ཤུལ་བཞག་རིག་གནས་སྐོར་ཐེངས་དང་པོའི་ཁྲོད་བཞག་པ་ནས་བཟུང་འཕྲལ་མར་ཚོང་ར་རུ་བྲིན་ཤོས་སུ་གྱུར། ཐང་ག་ནི་ཆོས་ལུགས་ཀྱི་མཆོད་རྫས་ནས་སྒྱུ་རྩལ་ཉར་ཚགས་ཀྱི་མངའ་ཁོངས་སུ་ཚུད་པས་ཐང་གའི་ཐོན་འབོར་ལྡབ་འགྱུར་གྱིས་ཇེ་མང་དུ་ཕྱིན་ཞིང་། ཚོང་རའི་འཕེལ་རྒྱས་དང་བསྟུན་ནས་ཐང་གའི་སྲོལ་རྒྱུན་ལག་རྩལ་ཐད་ཀྱི་ཤེས་རྟོགས་ཀྱང་མཐོ་རུ་ཕྱིན་ཡོད། ཉེ་བའི་ལོ་འདི་དག་ལ་མི་མང་པོ་ཞིག་གིས་ཐང་ག་རྙིང་པའི་རིན་ཐང་རྟོགས་ཀྱིན་ཡོད་ལ་རིན་གོང་ཡང་ལྡབ་ཀྱིས་འཕར་བཞིན་ཡོད་པ་དང་། ཐང་ག་རྙིང་བ་མང་བའི་དགོན་པར་ཐེངས་མང་ལ་རྐུན་མ་ཤོར་བས་ཐང་ག་རྣམས་དངུལ་ཁང་གི་ཉེན་འགོག་སྒྲོམ་དུ་འཇུག་དགོས་པའི་གནས་ཚུལ་ཡང་བྱུང་མྱོང་བ་རེད་ཞེས་བརྗོད་པ་དང་།
   རིན་གོང་མཐོ་ཤོས་ལ་རྡེག་ཚོང་བྱས་པའི་མིང་རྒྱལ་རབས་སྐབས་ཀྱི་ཐང་ག་དེའི་དཔེ་བྱད་ཡོངས་སུ་རྫོགས་པ་དང་སྐབས་སུ་གསར་འགྱུར་གལ་ཆེ་ཤོས་སུ་གྱུར་བར་ཡང་བརྗོད།
   བོད་དུ་ཐང་ག་ལ་ལོ་ངོ ༡༣༠༠ ལྷག་གི་ལོ་རྒྱུས་ལྡན་ཞིང་དེའི་ཐད་གསལ་ཆ་ཡོད་མཁན་ཉུང་ཉུང་ཡིན། ཐང་ག་རྩེ་གྲས་ཤིག་འབྲི་བར་དགོས་པའི་ཚོན་རྩི་དང་འབྲི་མཁན་གྱིས་དེའི་ཐད་ཕུལ་བའི་སེམས་ཤུགས་དང་དུས་ཚོད་ནི་ཐང་གར་རྒྱུས་ལོན་བྱེད་པའི་ཐད་ཀྱི་ཆ་ཤས་ཙམ་ཡིན་པ་དང་། དེའི་ཐད་ནས་མཚོ་སྔོན་གྱི་ཐང་གའི་བསླབ་བགྲེས་ཆེད་མཁས་པ། རི་མོ་བ་རྒན་གྲས་བཀྲ་ཤིས་རྒྱ་མཚོ་ལགས་ལ་བཅར་འདྲི་ཞུས་ཤིང་། ཁོང་གིས་ཐང་གའི་འབྲི་རྩལ་སྦྱངས་ནས་ལོ་ངོ་ཉི་ཤུ་ལྷག་འགོར་བ་དང་བཟོ་བཀོད་མཛེས་རིས་ཀྱི་དགེ་རྒན་ཆེན་མོ་ཡིན་པ་དང་། བརྩམས་ཆོས་མང་པོར་འགྲན་ཚོགས་དང་འགྲེམས་སྟོན་སོགས་སུ་བྱ་དགའ་འང་མང་པོ་ཐོབ་མྱོང་བ་རེད། ཁོང་གིས་ཆུང་དུས་ནས་དགེ་རྒན་བསྟེན་ནས་ཆེད་དུ་སློབ་སྦྱོང་བྱས་ཤིང་། རྗེས་སུ་ཆེད་ལས་སློབ་གླིང་དུ་ཐང་གའི་ཆེད་ལས་ཐད་ཀྱི་མཛེས་རིས་སྦྱོང་བརྡར་དང་གཞུང་ལུགས་ལ་ཡང་སྦྱངས་པ་གནང་བ་རེད།
  ཁོང་གིས་ཐང་ག་ཆ་ཚང་ཞིག་འབྲི་བར་འབྲི་མཁན་རང་ཉིད་ནས་བཟོད་སེམས་དང་སེམས་ཤུགས་བླ་མེད་ཅིག་དགོས་པ་སྟེ། རྒྱུ་ཆ་གྲ་སྒྲིག་བྱེད་པ། སྐྱ་རིས་འབྲི་བ། ཁ་དོག་བྱུགས་པ་སོགས་མགོ་མཇུག་བར་གསུམ་དུ་བློ་རིག་སྒྲིམ་ནས་འབྲི་བ་ལས་བློ་གཡེང་ཅུང་ཙམ་ཡང་བྱེད་མི་རུང་། འོན་ཀྱང་དེང་དུས་ཚོང་རའི་འཕེལ་རྒྱས་དང་བསྟུན་ནས་ཐང་གར་དགའ་མོས་བྱེད་མཁན་མང་པོ་ཡོད་ལ། སྣང་ཚུལ་མི་ལེགས་པའང་མང་པོ་འབྱུང་གིན་ཡོད་དེ། དཔེར་ན་སྲོལ་རྒྱུན་གྱི་ལག་རྩལ་དོར་ནས་དེང་རབས་བདེ་མྱུར་གྱི་བྱེད་ཐབས་སྤྱད་དེ་སྲོལ་རྒྱུན་བཟོ་རྩལ་གྱི་ཚབ་བྱེད་མཁན་ཡང་མང་པོ་ཡོད། ཐང་ག་འབྲི་བར་འབྲི་རྩལ་ནི་གལ་ཆེ་ཤོས་ཡིན་པ་དང་སྐྱ་རིས་ཁོ་ན་སྦྱོང་བར་ལོ་ངོ ༧ ལྷག་དང་ཚོན་རྩི་བྱུགས་པར་ཡང་ཉུང་མཐའ་ལོ་ངོ ༣ ལ་སྦྱོང་དགོས་པ་རེད། ད་ལྟ་ཚོང་ར་འཕེལ་རྒྱས་སོང་བ་དང་བསྟུན་ནས་དེང་རབས་བཟོ་རྩལ་གྱི་ཐང་ག་འབོར་ཆེན་ཚོང་རར་ཐོན་སྐྱེད་བྱེད་ཀྱིན་ཡོད་པར་མ་ཟད་གཅིག་མཚུངས་ཀྱི་ཐང་གའང་མང་པོ་ཡོད། འོན་ཀྱང་སྲོལ་རྒྱུན་གྱི་ལག་རྩལ་ལས་ཐོན་པའི་ཐང་གའི་ཁྲོད་དུ་ཆ་ཡོངས་སུ་མཚུངས་པའི་སྣང་ཚུལ་དེ་ལྟ་བུ་ནི་འབྱུང་མི་སྲིད་ལ་བརྩམས་ཆོས་དག་ལ་འབྲི་མཁན་རང་ཉིད་ཀྱི་སྒེར་གཤིས་ཀྱི་ཁྱད་ཆོས་ངེས་ཅན་རེ་ཡོད་པ་སྟེ་ཉམས་མྱོང་ཅན་གྱིས་བལྟས་པ་ཙམ་གྱི་རྟོགས་ཡོང་ཞེས་བརྗོད་པ་དང་།
   དེང་སྐབས་རི་མོ་བའི་མ་ཟིན་བསྐྱར་དཔར་བྱས་རྗེས་ཚོན་རྩི་བྱུགས་པ་ཙམ་གྱིས་ཐང་ག་བྲིས་ཚར་བའི་རྐྱེན་གྱིས་སྲོལ་རྒྱུན་གྱི་ཐང་ག་དང་ཧེ་བག་ལྡབ་ཀྱིས་ཤོར་བ་རེད།
   ཁོང་གིས་ཐང་གའི་དཔེ་བྱད་ཞིབ་ཚགས་དང་རྙོག་འཛིང་ཡིན་མིན། ཆེ་ཆུང་སོགས་ནི་གྲུབ་ཆ་གཙོ་བོ་དང་། རི་མོ་བའི་གསར་རྩོམ་དུས་ཡུན་དང་བྲིས་ལུགས་གང་དུ་གཏོགས་པ། སྤོས་ཤེལ་དང་རྒྱ་མཚལ་སོགས་ཚོན་རྩིའི་རིགས་ཀྱང་ཐང་ག་འབྲི་བའི་གྲུབ་ཆ་གལ་ཆེན་དུ་བརྩིས་ཆོག་མོད། དེ་དག་ལས་ཀྱང་གལ་ཆེ་བ་ནི་འབྲི་རྩལ་དང་དེ་ཡི་གནད་འགག་གཉིས་ནི་སྐྱ་རིས་དང་ཚོན་རྩི་བྱུགས་པའོ་ཞེས་བརྗོད་པ་རེད།(རྩོམ་འགན་པ། ལྷ་དབང)
འབྲེལ་ཡོད་རྩོམ་ཡིག