ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀྲུང་གོའི་རྐང་དངུལ་འཛིན་ལོར་ཚོང་ར་མར་རྡིབ་པས་འཁྲབ་སྟོན་པ་གྲགས་ཅན་ལ་ལར་གྱོང་གུད་ཆེན་པོ་ཐེབས།

2015-07-10
         དེ་ཡང་རྐང་དངུལ་འཛིན་ལོར་གྱི་ཚོང་རའི་གནོད་འཚེའི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་ཏེ། ཟླ་དྲུག་པའི་དཀྱིལ་སྨད་ཙམ་ནས་བཟུང་། ཤང་ཀང་གི་རྐང་དངུལ་འཛིན་ལོརAདེ་མར་རྡིབ་པའི་དབང་གིས།  སྤྱིར་བཏང་མི་སེར་དག་ལ་ཉིན་རེར་ལོ་ཕྱེད་རིང་གི་གླ་ཕོགས་ཀྱི་གྱོང་གུད་ཐེབས་ཡོད་པ་དང་། མ་དངུལ་འབོར་ཆེན་མ་རྐང་དུ་འཇོག་བཞིན་པའི་མི་སྣ་གྲགས་ཅན་དག་ལ་མཚོན་ནའང་། ཁ་ཤས་ལ་ཞག་གཅིག་རིང་སྒོར་དུང་ཕྱུར་ལྷག་གི་གྱོང་གུད་ཐེབས་འདུག
         དུས་ཚོད་ག་དུས་ཤིག་ནས་འགོ་བརྩམས་པར་གསལ་ཆ་མེད་མོད། མི་སྣ་གྲགས་ཅན་དག་གིས་རྐང་ དངུལ་འཛིན་ལོར་མ་རྐང་འཇོག་པ་དང་།  རྐང་དངུལ་ཚོང་རར་ཞུགས་པ་དེ་ནི་འཕེལ་ཕྱོགས་ཤིག་ཏུ་གྱུར་ནས། རྐང་དངུལ་འཛིན་ཤོག་ཁྲི་བརྒྱ་ནས་ཁྲི་སྟོང་ཅན་གྱི་ཚོང་འདོན་ཀུང་སི་ཁག་གི་མ་རྐང་ཉོས་པ་བརྒྱུད། མི་སྣ་གྲགས་ཅན་མང་ཤོས་ཀྱིས་ད་ལོའི་རྐང་དངུལ་འཛིན་ཤོག་གི་ཚོང་ར་ནས་ཡོང་འབབ་ཆེན་པོ་ཞིག་ལོན་ཐུབ་པར་འདོད་ཡོད།
         རོལ་རྩེད་སྡེའི་མི་སྣ་གྲགས་ཅན་དག་ལ་དཔལ་འབྱོར་གྱི་གྱོང་གུད་ག་འདྲ་ཐེབས་ཡོད་སྐོར་གོང་སྒྲིག་བྱས་ན་འདི་ལྟ་སྟེ།

ཀྲང་ཙི་དབྱི།
         ཀྲང་ཙི་དབྱི་ལ་དམངས་སྒོར་དུང་ཕྱུར༤.༧གྱི་གྱོང་གུད་ཐེབས།
         དེ་སྔོན་གྱི་བཟོ་ཚོང་ཡིག་ཚགས་་གཞིར་བཟུང་པ་ཡིན་ན།  ཀྲང་ཙི་དབྱིའི་ཨ་མ་ལོ་ཀྲའོ་ཧྲིང་གིས༢༠༠༨ལོར་ཝན་ཏཱ་ས་ཁང་བདག་ཁོངས་ཚོང་རའི་མ་རྐང་ཁྲི ༩༠༠ ཉོས་ཡོད་ཅིང་།  དེས་མ་རྐང་ཡོངས་ཀྱི་བརྒྱ་ཆའི ༠.༥ ཟིན་ཡོད་པ་རེད། དེའི་རྗེས་སུ་ཝན་ཏཱ་ཚོང་སྡེས་མ་དངུལ་འབོར་ཆེན་བཏང་ནས་མ་རྐང་ཆེ་རུ་སྤར་བས་ན། ལི་ཀྲོའོ་ཧྲིང་གི་མ་རྐང་ཡང་ཁྲི་ཚོ ༩༠༠ ནས་ཁྲི་ཚོ ༡༨༠༠ འཕར་བ་དང་།  མ་རྐང་ཡོངས་ཀྱིས་བརྒྱ་ཆའི ༠.༤༦ ཟིན་ཡོད། ཐུང་ཧྭ་ཧྲོན་གྱི་ཉེ་བའི་ལོ་གཅིག་གི་གཞི་གྲངས་ལ་བལྟས་ན། ད་ལོའི་ཟླ ༦ པའི་ཚེས ༥ ཉིན་ཝན་ཏྰ་ཚོང་སྡེའི་རྐང་དངུལ་འཛིན་ཤོག་རེ་གོང་ཚད་ཀང་སྒོར ༧༧.༢ ཀྱི་ཆེས་མཐོ་ཤོས་སུ་འཕར་བ་དང་།  གལ་ཏེ་ལི་ཀྲའོ་ཧྲིང་གིས་མ་རྐང་དེ་དག་རྒྱུན་མ་བཏང་པར་ཉར་ཡོད་ཚེ།  ཉིན་དེར་ཀྲང་ཙི་དབྱིའི་ཁྱིམ་རྒྱུད་ལ་ཀང་སྒོར་དུང་ཕྱུར ༡༤ ཡི་ཡོང་འབབ་བསྐྲུན་ཡོད་པ་རེད།
         མ་ཟད།  ཟླ ༧ པའི་ཚེས ༧ ཉིན་གོང་ཐང་ཁྱབ་བསྒྲགས་བྱེད་དུས།  ཝན་ཏཱ་ཚོང་སྡེའི་གོང་ཚད་ནི་རྐང་དངུལ་འཛིན་ཤོག་རེར་ཀང་སྒོར ༥༠.༩ ཡིན་ལ། ལི་ཀྲའོ་ཧྲིང་གི་རྐང་དངུལ་འཛིན་ཤོག་ཀྱང་སྒོར་དུང་ཕྱུར ༤.༧ གྱིས་ཇེ་ཉུང་དུ་ཕྱིན་ཡོད་པ་རེད།
ལུའུ་ཡན།
         ལུའུ་ཡན་ལ་དམངས་སྒོར་ཁྲི ༡༣༠༠ ཡི་གྱོང་གུད་ཐེབས།
         འབྲེལ་ཡོད་གསར་ལམ་ཁག་གི་གནས་ཚུལ་གཞིར་བཟུང་ན། ན་ནིང་ལོའི་ཟླ ༨ པར། འོད་ཐིག་སྨྱན་སྦྱོར་གྱི་མ་རྐང་འཛིན་ཤོག་གི་བཀག་རྒྱ་གློད་པ་ནས་བཟུང་། ཚོང་རའི་གོང་ཚད་བསྐྱར་དུ་སྒོར་དུང་ཕྱུར་སྟོང་ལ་སླེབས་པས། ལུའུ་ཡན་གྱིས་འོད་ཐིག་སྨྱན་སྦྱོར་གྱི་རྐང་དངུལ་འཛིན་ཤོག་རིན་སྒོར་ཁྲི ༤༦.༢ ཉོས་ཡོད་འདུག
         ད་ལོའི་ཟླ ༥ པ་ནས་ཟླ ༦ པའི་བར། ཚོང་འདོན་ཀུང་སི་གཞན་དག་དང་འདྲ་བར་། འོད་ཐིག་སྨྱན་སྦྱོར་ཡང་མ་རྐང་འཛིན་ཤོག་གི་ཁྲོམ་རའི་ཕྲག་སྟེང་དུ་འགྲེང་ནས་མ་རྐང་ལ་སྐྱོར་འདེགས་བྱས་ཡོད་ཅིང་། ཟླ ༦ པའི་ཚེས ༡༢ ཉིན་མ་རྐང་འཛིན་ཤོག་རེར་རིན་སྒོར ༤༩.༨༦ གི་ཡང་རྩེར་སླེབས་པ་དང་།  དེའི་རྗེས་སུ་རྐང་དངུལ་འཛིན་ལོར་གྱི་ཚོང་ར་རིམ་གྱིས་མར་རྡིབ་ནས། འོད་ཐིག་སྨྱན་སྦྱོར་གྱི་འཛིན་ཤོག་གི་གོང་ཐང་ཡང་མར་འགྲིབ་པ་དང་། ཁ་སང་གོང་ཐང་ཁྱབ་བསྒྲགས་བྱེད་བར་དུ་་འོད་ཐིག་སྨྱན་སྦྱོར་གྱི་རྐང་དངུལ་འཛིན་ཤོག་རེའི་གོང་ཚད་སྒོར ༢༢.༧ ལ་མར་རྡིབ་ཡོད་ཅིང་།  ལུའུ་ཡན་གྱི་ལག་ཏུ་ཉར་བའི་མ་རྐང་འཛིན་ཤོག་ཀྱང་སྒོར་ཁྲི ༡༣༠༠ མར་རྡིབ་འདུག
         ཁ་སང་། འོད་ཐིག་སྨྱན་སྦྱོར་ཡང་རྐང་འཛིན་དངུལ་ཤོགAཡི་ལོ་རྒྱུས་སྟེང་གི་ཚོང་མཚམས་འཇོག་གྲལ་ཆེན་མོར་ཞུགས་འདུག་ཅིང་།  ཟླ ༦ པའི་ཚེས ༢༩ ཉིན་རྩོམ་ཡིག་འདི་བཀོད་རག་བར་དུ། ཧྲང་ཧའེ་དང་ཧྲིན་ཀྲིན་གྲོང་ཁྱེར་གཉིས་ཀྱི་ཚོང་འདོན་ཀུང་སི ༡༣༠༠ ཡིས་ཚོང་མཚམས་བཞག་འདུག་ལ། ཚོང་མཚམས་འཇོག་ཚད་བརྒྱ་ཆའི ༥༠ ལ་ཉེ་བ་ཟིན་འདུག
ཧྥན་པེན་པེན།
         ཧྥན་པེན་པེན་ལ་སྒོར་དུང་ཕྱུར ༡ དང་ཁྲི ༢༠༠༠ གི་གྱོང་གུད་ཐེབས།
         "ང་རང་འབྱོར་ལྡན་མི་དྲག་ལ་བག་མར་འགྲོ་འདོད་མེད་དེ། ང་རང་ནི་འབྱོར་ལྡན་དེ་ཉིད་ཡིན"ཞེས་པ་ལྟར། ཧྥན་པེན་པེན་ལ་རྒྱུ་འབྱོར་ཡོད་མིན་དེ་ཁོ་མོའི་མ་རྐང་འཛིན་ཤོག་ལས་གསལ་པོར་མཐོང་ཐུབ། ན་ནིང་ལོའི་ཟླ་གཉིས་པར་རྐང་དངུལ་འཛིན་ལོར་རེའི་གོང་ཚད་དམངས་སྒོར ༢༢.༨༣ ཀྱི་ཚོང་རར་ཞུགས་པ་ནས་བཟུང་། ཐང་ཏི་བརྙན་སྡེའི་རྐང་དངུལ་འཛིན་ལོར་གྱི་གོང་ཚད་བསྟུད་མར་ཡར་འཕར་བས་ཚོང་འདོན་མཁོ་སྒྲུབ་པས་བསྟུད་མར་ཐེངས ༡༡ ལ་འཕར་མཚམས་བཞག ཉིན་བཞིའི་རིང་གི་རྐང་འཛིན་དངུལ་ལོར་གྱི་རིན་གོང་ཡང་ལྡབ་འགའ་འཕར་འདུག ཧྥན་པེན་པེན་ཐང་ཏི་ཀུང་སིའི་མ་རྐང་འཛིན་མཁན་ཨང་བཅུ་བ་ཡིན་པའི་ཆ་ནས་མ་རྐང་སྒོར་ཁྲི ༡༢༩ བཟུང་ཡོད་པ་དང་།  ཁེ་ལྷག་སྒོར་དུང་ཕྱུར་ལས་བརྒལ་ཡོད་པ་རེད།
         ད་ལོའི་ཟླ ༥ པའི་ཚེས ༢༧ ཉིན། ཐང་ཏི་བརྙན་སྡེའི་རྐང་དངུལ་འཛིན་ལོར་གྱི་རིན་གོང་སྒོར ༡༨༨ ཡི་གང་ཚད་མཐོ་ཤོས་སུ་སླེབས་ཤིང་། ཧྥན་པེན་པེན་གྱིས་ཀུང་སིས་ཚོང་ར་བཏོན་པ་ནས་བཟུང་། རྒྱུ་འབྱོར་དམངས་སྒོར་དུང་ཕྱུར༢ལས་བརྒལ་ཐུབ་པར་གྱུར།
         དེ་ལྟར་ནའང་། ཟླ ༦ པར་རྐང་དངུལ་འཛིན་ལོར A དེ་མར་རྡིབ་པའི་གནོད་འཚེ་དང་འཕྲད་པ་ནས་བཟུང་། ཐང་ཏི་བརྙན་སྡེའི་རྐང་དངུལ་འཛིན་ཤོག་ཀྱང་རིམ་གྱི་མར་གྲིབ་པར་གྱུར་པ་དང་། རྩོམ་འདི་སྤེལ་བའི་བར་དུ། ཐང་ཏི་བརྙན་སྡེའི་རྐང་དངུལ་འཛིན་ཤོག་རེར་སྒོར ༩༠.༩༥ མར་ཆག་ནས། ཧྥན་པེན་པེན་ལ་དམངས་སྒོར་དུང་ཕྱུར་གཅིག་དང་ཁྲི་ཉིས་སྟོང་གི་གྱོང་གུད་ཐེབས་ཡོད་འདུག
         ཧྥན་པེན་པེན་གྱི་དགའ་རོགས་ལི་ཁྲིན་གྱིས་པོན་ཕྲན་དུ། དམན་མཆོག་གང་དག་ཉམས་ཉེན་འདི་འདྲར་འཕྲད་དུས། ཁྱེད་རང་ཚོ་ནས་ཀྱང་ཧུར་བརྩོན་བྱེད་དགོས་འདུག་ཅེས་བྲིས་ཡོད
ཀྲའོ་ཝེ།
         ཀྲའོ་ཝེ་ལ་སྒོར་དུང་ཕྱུར ༤༠ ཡི་གྱོང་གུད་ཐེབས།
         ཀྲའོ་ཝེ་ཡིས་མ་འཇོག་གི་བློ་རིག་འཇོན་པར་བརྟེན། རང་གི་ཁྱོ་ག་ཧང་ཡུ་ལུང་དང་མཉམ་དུ་རྒྱུ་འབྱོར་དུང་ཕྱུར་ཁྲི་ཚོ་བདག་ཏུ་བཟུང་ཡོད་པས། ཀྲུང་གོའི་གསར་ལམ་ཁག་ཏུ"ཀྲུང་གོའི་རོལ་རྩེད་པའི་སྡེའི་པ་ཧྥེ་ཐུ"ཞེས་འབོད་སྲོལ་ཡོད།
ཀྲའོ་ཝེ་དང་མ་ཡོན་ནི་པོད་ཕྲན་ལས་ཕན་ཚུན་ལ་རྒྱུས་མངའ་ཆེ་བའི་གྲོགས་པོར་གྱུར་ཡོད། ༢༠༡༤ལོའི་ཟླ ༡༢ པའི་ཚེས ༢༠ ཉིན། ཀྲའོ་ཝེ་དང་དང་ཁྱོ་ག་ཧང་ཡུ་ལུང་གིས་མ་དངུལ་ཀང་སྒོར་དུང་ཕྱུར ༣༡ བཏང་ནས། རྐང་དངུལ་འཛིན་ཤོག་རེར་ཀང་སྒོར ༡.༦ གི་གོང་ཚད་ཀྱིས་ཨ་ལི་བརྙན་སྡེའི་རྐང་དངུལ་སྒོར་དུང་ཕྱུར ༡༩.༣ ཉོས་ཤིང་།  རྐང་དངུལ་འཛིན་ཤོག་ཡོངས་ཀྱི་བརྒྱ་ཆའི ༩.༢༤ ཟིན་ཡོད་པ་དང་། ཨ་ལི་བརྙན་སྡེའི་མ་རྐང་འཇོག་མཁན་ཨང་གཉིས་པར་གྱུར་ཡོད། དེ་ལས་གཞན། ཀྲའོ་ཝེ་ནི་ཐང་ཏི་བརྙན་སྡེའི་མ་རྐང་འཇོག་མཁན་ཆེན་མོ་ཡིན་ལ། དེ་གའི་མ་རྐང་སྒོར་ཁྲི ༡༡༧ བཟུང་ཡོད།
         ད་ལོའི་ཟླ ༤ པའི་ཚེས ༩ ཉིན། ཨ་ལི་བརྙན་སྡེའི་རྐང་དངུལ་འཛིན་ཤོག་རེར་ཀང་སྒོར ༤.༤ རུ་འཕར་བ་དང་། མ་རྐང་འབོར་ཆེན་འཇོག་མཁན་ཀྲའོ་ཝེ་ཡི་རྒྱུ་འབྱོར་ཡང་དུང་ཕྱུར ༥༤ ལ་འཕར། ཉིན་དེར་། ཐང་ཏི་བརྙན་སྡེའི་སྒོར ༡༠༣.༩༣ གྱི་གོང་ཐང་ཁྱབ་བསྒྲགས་བྱས་པས། ཀྲའོ་ཝེ་ཡིས་སྒོར་ཁྲི་དགུ་སྟོང་ལྔ་བརྒྱ་ལེན་ཐུབ་པ་བྱུང་།
         དེ་ལྟར་ནའང་། ཟླ ༦ པའི་དཀྱིལ་སྨད་ཙམ་ནས་བཟུང་། རྐང་དངུལ་འཛིན་ལོར A དེ་མར་རྡིབ་པས། རྩོམ་འདི་འགོད་པའི་བར་དུ། ཨ་ལི་བརྙན་སྡེའི་རྐང་དངུལ་འཛིན་ཤོག་རེར་གོང་ཚད་ཀང་སྒོར ༡.༩༥ ལ་མར་ལྷུང་པ་དང་། ཐང་ཏི་བརྙན་སྡེ་ཡང་སྒོར ༩༠.༩༥ རུ་རྡིབ་། ཉིན་དེའི་དངུལ་བརྗེའི་འཛའ་ཐང་ལྟར་བརྩིས་ན། ཀྲའོ་ཝེ་ལ་དམངས་སྒོར་དུང་ཕྱུར ༤༠ ལ་ཉེ་བའི་གྱོང་གུད་ཐེབས་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག