ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཞིས་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་སོགས་མཐོ་རིམ་གླེང་སྟེགས་ནས་སྒྲིག་གཞི་བཞི་གཏོད་རྒྱུའི་གྲོས་གཞི་བཏོན།

2015-07-13
         ཀྲུང་གོའི་གསར་འགྱུར་དྲ་བས་ཨུ་རུ་སིའི་ཝུའུ་ཧྥ་ནས་སྤེལ་བའི་གནས་ཚུལ་ལྟར་ན།  འབོ་གསེར་རྒྱལ་ཁབ་དང་། ཡོ་རོབ་དང་གླིང་ཆེན་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་དང་།  ཧྲང་ཧའེ་མཉམ་ལས་ཚོགས་པའི་ཁོངས་མི་རྒྱལ་ཁབ།  ལྟ་ཞིབ་ཁོངས་མི་རྒྱལ་ཁབ། གདན་ཞུའི་རྒྱལ་ཁབ་ཀྱི་འགོ་གཙོ་བཅས་ཀྱི་བགྲོ་གླེང་ཚོགས་འདུ་དེ་ཚེས་དགུ་ཉིན་ཨུ་རུ་སིའི་ཝུའུ་ཧྥ་ནས་འཚོགས།  ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་།  ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན།  པར་ཙིར་གྱི་སྲིད་འཛིན་ལུའོ་སའེ་ཕུའུ།  རྒྱ་གར་གྱི་ཙུང་ལི་མོ་ཏི།  ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་ཙུའུ་མ།   ཨར་མེ་ཉི་ཡའི་སྲིད་འཛིན་སར་ཅི་ཞང་། ཨ་ཧྥུ་ཀ་ནི་སི་ཐན་གྱི་སྲིད་འཛིན་ཅ་ཉི། པེ་ཨུ་རུ་སིའི་སྲིད་འཛིན་ལོ་ཁ་ཧྲེན་ཁོ།  དབྱི་རན་གྱི་སྲིད་འཛིན་རོ་ཧ་ནེ། ཧ་སག་སི་ཐན་གྱི་སྲིད་འཛིན་ན་ཀྲའར་པ་ཡེ་ཕུའུ།  མོང་གོལ་རྒྱལ་ཁབ་ཀྱི་སྲིད་འཛིན་ཨེ་ལེ་པེག་རྡོ་རྗེ། ཕ་ཁི་སི་ཐན་གྱི་ཙུང་ལི་ཤེ་ལི་པུའུ། ཐ་ཇིག་སི་ཐན་གྱི་སྲིད་འཛིན་ལ་ཧོ་མེང་། ཟ་བྷེ་ཁི་སི་ཐན་གྱི་སྲིད་འཛིན་ཁ་ལེ་མོ་ཕུའུ་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།  
         ཚོགས་ཞུགས་འགོ་ཁྲིད་དག་གིས་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་བརྗོད་བྱ་དམིགས་སུ་བཀར་ནས་བགྲོ་གླེང་གནང་བ་མ་ཟད།  གསར་དུ་དར་བའི་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་ཁྲོད་ཀྱི་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་མཉམ་ལས་ཕྱོགས་ནས་ཀྱང་ལྷན་གཅིག་ཏུ་གྲོས་བསྡུར་གནང་།
         ཀྲུའུ་ཞི་ཞིས་ཅིན་ཕིང་གིས་གསུང་བཤད་ཁྲོད།   འབོ་གསེར་རྒྱལ་ཁབ་དང་ཧྲང་ཧའེ་མཉམ་ལས་ཚོགས་པ། ཡོ་རོབ་དང་གླིང་ཆེན་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་བཅས་ནི་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཟབ་པའི་མཉམ་ལས་ལམ་ལུགས་གལ་ཆེན་ཞིག་ཡིན།  རྒྱལ་ཁབ་སོ་སོའི་འགོ་ཁྲིད་རྣམ་པ་གནས་འདིར་གཞི་གཅིག་ཏུ་འཛོམས་ཏེ།  གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱལ་ཁྲོད་ཀྱི་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་མཉམ་ལས་ཐད་ལ་དགེ་མཚན་ཆེན་པོ་ལྡན་པའི་བརྡ་བཏང་བྱུང་།   སྤྱིར་ཚོགས་ཞུགས་རྒྱལ་ཁབ་སོ་སོར་ལོ་རྒྱུས་ཀྱི་སྲོལ་ལུགས་དང་། རིག་གནས་རྒྱབ་ལྗོངས། སྤྱི་ཚོགས་ལམ་ལུགས་མི་འདྲ་བ་རེ་ཡོད་ནའང་།  དཔལ་འབྱོར་འཕེལ་རྒྱས་དང་།  གཏན་འཇགས་བརྟན་སྲུང་།  དམངས་འཚོ་ལེགས་བཅོས་ནི་རྒྱལ་ཁབ་སོ་སོའི་གཡོལ་ཐབས་བྲལ་བའི་ཐུན་མོང་གི་འགན་འཁྲི་ཡིན་སྟབས། འཐབ་ཇུས་དང་ཕུགས་རིང་བའི་མིག་རྒྱང་ཡོད་དགོས་པའི་ཐོག  ཕན་ཚུན་བར་ཕྱར་བ་གྲུ་འདེགས་དང་ཕར་ཚར་རོགས་འདེགས་ལྟ་བུའི་ཐུན་མོང་ལ་ཕན་པའི་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བ་བཙུགས་ཏེ།  ལྷན་གཅིག་ཏུ་ཡུན་རིང་བརྟན་འཇགས་དང་།  གཉིས་ཕན་གྱི་འཕེལ་རྒྱས། ཟུར་སྣེ་མང་པའི་འབྲེལ་བ། གློད་ཅིང་བློ་ཡངས་པའི་མངའ་ཁོངས་མཉམ་ལས་བཅས་ཀྱི་གནས་སྟངས་སམ་རྣམ་པ་གཏོད་དགོས་ཞེས་གལ་ཆེ་ནན་ཏན་གྱིས་ཚུལ་དུ་བསྟན་བྱུང་བ་རེད། ཡང་ཁོང་གིས་ཀྲུང་ཕྱོགས་ཀྱིས་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ཚོང་ལམ་འཛུགས་སྐྲུན་གྱི་གྲོས་འགོ་བཏོན་རྗེས།ཕྱོགས་སོ་སོས་རྒྱབ་སྐྱོར་དང་རམ་འདེགས་གང་ལེགས་ཐོབ། ཉེ་དུས་ཀྲུང་ཕྱོགས་ཀྱིས་བརྒྱུད་གཅིག་ལམ་གཅིག་གི་འཆར་ཇུས་སྙིང་བོར་བཟུང་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་བར་འབྲེལ་ཐག་འཛིན་པར་ཧུར་བརྩོན་བྱས་ནས་དངོས་སྒྲུབ་མཉམ་ལས་ཀྱི་ཞིབ་ཕྲའི་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བྱས་པ་ཡིན།   དེའི་ནང་གླིང་ཆེན་ཨེ་ཤ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དང་དར་གོས་ཚོང་ལམ་གྱི་ཐེབས་རྩ་བཙུགས་པ་ནི་གལ་ཆེའི་བྱ་ཐབས་ཤིག་ཡིན། དེ་ཡང་བརྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་མང་པོ་ཞིག་རྒྱལ་ཁབ་སོ་སོས་བཏོན་པའི་འཕེལ་རྒྱས་སྐོར་གྱི་འཐབ་ཇུས་སམ་གྲོས་འགོ་མི་ཉུང་བ་དང་དོན་ཐོག་གཅིག་ལ་བབ་ཡོད་པས། གཉིས་ཕན་མཉམ་ལས་ལ་བརྟེན་ནས་འུ་ཅག་ཐུན་མོང་གི་འཕེལ་རྒྱས་མངོན་འགྱུར་ཡོང་བར་ཆ་བཞག་ན་ཆ་ཡོངས་ནས་སྤེལ་ཆོག་པ་ཞིག་རེད་ཅེས་བསྟན།
         ཕུའུ་ཅིན་སོགས་ཚོགས་ཞུགས་འགོ་ཁྲིད་གཞན་དག་གིས།   ཡོ་རོབ་ཀྱི་སྐམ་ས་ཆེན་མོར་ཐོན་ཁུངས་ཕུན་སུམ་ཚོགས་ལ་གསར་དར་གྱི་དཔལ་འབྱོར་དངོས་ཚན་མང་པོ་ཡོད། དེ་བཞིན་དུ་འབོ་གསེར་རྒྱལ་ཁབ་དང་ས་གནས་དེ་གའི་རྒྱལ་ཁབ་ལ་གཅིག་མཚུངས་ཀྱི་འཕེལ་རྒྱས་འོས་འགན་ཞིག་ཀྱང་རང་བཞིན་གྱིས་ཆགས་ཡོད་པས།  རྒྱལ་ཁབ་དང་ས་གནས་དེ་དག་གི་འགོ་ཁྲིད་བར་འབྲེལ་འདྲིས་རྒྱུན་འཁྱོངས་ཡོང་ཚེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེང་གི་འཛམ་གླིང་ལ་འཕྲད་པའི་འགྲན་རྩོད་མང་པོར་སྟོབས་ཤུགས་གཅིག་བསྡུས་ཀྱིས་ཁ་གཏད་འཇལ་བར་ཕན་ཐོགས་པ་མ་ཟད། སྣེ་མང་ཅན་འགྱུར་ལ་སྐུལ་འདེད་གཏོང་བར་ཡང་ཕན་ཆེན་པོ་ཐོགས་ཐུབ་པ་ཡིན། དེ་བས་ང་ཚོས་ས་གནས་དེ་གའི་ཞི་བདེ་གཏན་འཇགས་ཀྱི་སྒྲིག་ལམ་ལ་སྲུང་སྐྱོང་དང་།  དབུལ་ཕོངས་དང་རྗེས་ལུས་ལས་ཐར་བར་སྟོབས་ཤུགས་བཏོན་སྟེ།   ས་ཁུལ་བར་གྱི་འབྲེལ་ལམ་ཤར་གཏོང་དང་མངའ་ཁོངས་དཔལ་འབྱོར་གཟུགས་གཅིག་ཏུ་གྲིལ་བར་ཤུགས་བསྣོན་དང་། ཉོ་ཚོང་དང་མ་འཇོག་གི་རྒྱ་ཆེ་རུ་བསྐྱེད་ཅིང་གཉིས་ཕན་མཉམ་ལས་ལ་བརྟེན་ནས་རང་སྟེང་གི་འགྲན་སློང་སྟོབས་ཤུགས་ཆེར་བསྐྱེད་དེ། དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས།  འཇིགས་སྐུལ་རིང་ལུགས་དང་། དུག་རྫས་སོགས་རྒྱལ་མཚམས་བརྒལ་བའི་ཉེས་ཚོང་ལ་ལག་རྡང་གཅིག་སྦྲེལ་གྱིས་རྡུང་རྡེག་གཏོང་དགོས།  དེ་ལས་ཀྱང་འབོ་གསེར་རྒྱལ་ཁབ་དང་ཧྲང་ཧའེ་མཉམ་ལས་ཚོགས་པའི་ཁོངས་མི་རྒྱལ་ཁབ་དང་ཡོ་རོབ་དང་གླིང་ཆེན་ཨེ་ཤ་ཡའི་ས་ཁུལ་གྱི་རྒྱལ་ཁབ་སོ་སོས་རྩོལ་བྱུང་རིག་གནས་བར་སྤེལ་རེས་བྱ་རྒྱུ་ནི་འབྲེལ་ཡོད་རྒྱལ་ཁབ་ཀྱི་མི་དམངས་ཕན་ཚུན་བར་ཤེས་རྟོགས་དང་ཕན་ཚུན་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བར་དགེ་མཚན་ལྡན་ཚུལ་བསྟན་པ་རེད།
         ཝང་ལུ་ཉིང་དང་།  ལི་ཀྲན་ཧྲུའུ།  དབྱང་ཅེ་ཁྲི།  ཀྲོའུ་ཞའོ་ཁྲུན་སོགས་ཚོགས་ཐོག་ཏུ་ཞུགས།
འབྲེལ་ཡོད་རྩོམ་ཡིག